མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་རེད།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་འཁྲུངས་སྐར་སླེབས་ཉེར་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་ནས་ཀྲུང་ཧྭ་མི་རིགས་ནི་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་གྱི་ལོ་རྒྱུས་ལྡན་པའི་མི་རིགས་རླབས་པོ་ཆེ་ཞིག་ཡིན་ཞིང་། མི་རིགས་ཁག་གིས་ཐུན་མོང་ཐོག་མེས་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་ཁོངས་བཏོད་པ་དང་། མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་བསྐྲུན་པ། འོད་སྟོང་འཕྲོ་བའི་ཀྲུང་གོའི་ལོ་རྒྱུས་བརྩམས་པ། འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་རིག་གནས་བཏོད་པ། མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་སྐྱེད་སྲིང་བྱས་ཡོད་ཅེས་ནན་བཤད་གནང་ཡོད།
ལོ་ངོ་བརྒྱ་ལྷག་ཙམ་རིང་གི་ཏང་གི་ལོ་རྒྱུས་འཕེལ་རིམ་ལ་ཕྱིར་མིག་བལྟས་ཚེ། མི་རིགས་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཆེ་ཤོས་ནི་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་མི་རིགས་གནད་དོན་གྱི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་ཀྱི་ཡང་དག་ལམ་བུར་བསྐྱོད་ཡོད། ལམ་བུ་འདིའི་ཐོག་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་མངོན་འགྱུར་བྱུང་བ་དང་། མི་རིགས་ཁག་དབར་གྱི་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་གཏོད་པ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་འཚོ་བར་སྔར་བྱུང་མ་མྱོང་བའི་ཡར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་པས། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་རྣམ་པ་དང་། མི་རིགས་ས་ཁུལ་གྱི་རྣམ་པ། མི་རིགས་འབྲེལ་བའི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
ལོ་རྒྱུས་དང་ལག་ལེན་ལས་མི་རིགས་མཐུན་སྒྲིལ་ནི་བདེ་སྐྱིད་དང་། ཁ་ཕྲལ་དང་ཟང་ཟིང་ནི་ཆག་སྒོ་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད། མི་རིགས་མང་བའི་རྒྱལ་ཁབ་ཏུ་རྒྱལ་ཁབ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་བྱུང་ན་རྒྱལ་སྲིད་དར་ཞིང་མི་སེམས་མཐུན་པ་དང་ལས་རིགས་ཀུན་དར་ཞིང་རྒྱས་པར་འགྱུར་ཐུབ། རྒྱལ་ཁབ་ཁ་བྲལ་དང་མི་རིགས་འཁྲུག་རྩོད་བྱུང་ན་རྒྱལ་ཁབ་ཀྱི་ལ་རྒྱ་དང་བདག་དབང་ཤོར་བ་དང་མི་དམངས་ལ་ཆག་སྒོ་ཡོང་ངེས་རེད། ང་ཚོས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་དེ་འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། ཕུགས་ཀྱི་རང་བཞིན་བཅས་ཀྱི་ལས་དོན་ཞིག་ལ་བརྩིས་ནས་སྒྲུབ་དགོས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་དུ་བརྩིས་ནས་མི་རིགས་ཁག་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་བསྟུན་མཁས། ཕན་ཚུན་བརྩི་མཐོང་། ཕན་ཚུན་སློབ་སྦྱོང་། ཕན་ཚུན་རོགས་རམ་བཅས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ་དང་། རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྐྱོང་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་བྱེད་པ། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་འཛིན་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་འཛིན་བཅས་བྱས་ནས་མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱེད་དགོས།
ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་ཞིང་། མི་རིགས་ལྔ་བཅུ་ང་དྲུག་ནི་ཕན་ཚུན་བརྩེ་བ་ཟབ་པའི་ཁྱིམ་ཚང་གཅིག་གི་མི་རེད། ལོ་ངོ་ལྔ་སྟོང་ལྷག་ཙམ་རིང་གི་ཀྲུང་ཧྭའི་ཤེས་དཔལ་ལས་བསྐྱངས་པའི་རླབས་ཆེན་གྱི་མེས་རྒྱལ་དང་རླབས་ཆེན་གྱི་མི་རིགས་ནི་ནམ་ཡང་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་སེམས་ཀྱི་རྟེན་ས་རེད། ཡངས་ཤིང་རྒྱ་ཆེ་བ་དང་། མཛེས་སྡུག་ལྡན་པ། ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་གཞིའི་ཐོག་གི་མི་རིགས་ཁག་གི་མི་དམངས་ཚང་མར་ཐུན་མོང་གི་ཁྱིམ་གཞིས་ཤིག་ཡོད་པ་དེ་ནི་ཀྲུང་གོ་རེད། ཚང་མར་ཐུན་མོང་གི་ཐོབ་ཐང་ཞིག་ཡོད་པ་དེ་ནི་ཀྲུང་ཧྭ་མི་རིགས་རེད། ཚང་མར་ཐུན་མོང་གི་མིང་ཞིག་ཡོད་པ་དེར་ཀྲུང་གོ་བ་ཟེར། ཚང་མར་ཐུན་མོང་གི་ཕུགས་འདུན་ཞིག་ཡོད་པ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བ་བྱ་རྒྱུ་དེ་རེད།
ང་ཚོས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་ལོ་རྒྱུས་དེབ་ཐེར་ཐོག་བཀྲག་མདངས་འཚེར་བའི་གྲུབ་འབྲས་རླབས་པོ་ཆེ་གཏོད་དགོས་ལ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་འོད་སྟོང་གསར་པ་མུ་མཐུད་རྩོམ་དགོས། ང་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“བདག་པོར”བརྩོན་ལེན་བྱེད་པ་དང་། ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་འཛུགས་པ། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སེམས་ལ་བརྟན་པོར་ངེས་པ་དང་ཁྲག་རྒྱུན་ནང་མཉམ་འདྲེས་བྱེད་པ། མེས་རྒྱལ་གྱི་མངའ་ཁོངས་མཉམ་དུ་སྲུང་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཇི་ཙམ་བཞད་པ་དེ་ཙམ་གྱིས་མཚར་སྡུག་ལྡན་པར་བྱེད་དགོས།