ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།
《ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས། ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་རྒྱུའི་བཀོད་སྒྲིག་ཡག་པོ་བྱས་པ་རེད།
《བསམ་འཆར》ནང་བླང་བྱ་བཏོན་དོན། འགྱངས་ཆད་བྱས་པའི་ཁེ་ལས་ཀྱི་རྩིས་དངུལ་གཙང་འཇལ་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་གྱི་མ་ལག་དང་ཁྲིམས་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། སྲིད་གཞུང་གི་མ་འཇོག་རྣམ་གྲངས་དང་རྣམ་གྲངས་ཀྱི་མ་དངུལ་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས། དུས་བཀག་ལྟར་མ་དངུལ་དམིགས་སར་འབྱོར་མིན་ལ་ཞིབ་བཤེར་དང་མ་དངུལ་གཏོང་སྤྲོད་བྱས་ཚུལ་ལ་རྗེས་འདེད་བྱེད་དགོས། ལས་གྲྭའི་རིན་དངུལ་གྱི་མཇུག་རྩིས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། སྲིད་གཞུང་གི་ཉོ་སྒྲུབ་གཏོང་སྤྲོད་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁེ་ལས་ཆེ་གྲས་ཀྱིས་ཁེ་ལས་འབྲིང་ཆུང་གི་རྩིས་དངུལ་འགྱངས་ཆད་བྱེད་རིགས་སྔོན་འགོག་དང་འདུམ་སེལ་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་ཆབས་ཅིག ད་དུང་ཁྲིམས་སྒྱུར་ལྟ་སྐུལ་བྱེད་ཤུགས་ཀྱང་ཆེ་རུ་གཏོང་དགོས། གཞུང་ཁོངས་ཁེ་ལས་ཀྱིས་གཏོང་སྤྲོད་དོ་དམ་ལམ་ལུགས་ཚད་ལྡན་དང་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་དགོས། ཁེ་ལས་འབྲིང་ཆུང་གི་རྩིས་དངུལ་འགྱངས་ཆད་གནད་དོན་ཞུ་སྦྱོར་དོ་དམ་བྱེད་པའི་འཁོར་སྐྱོད་ལམ་སྲོལ་ལེགས་སུ་བཏང་ནས། ཁེ་ལས་འབྲིང་ཆུང་གི་རྩིས་དངུལ་འགྱངས་ཆད་བྱས་རིགས་དང་ཡང་ན་ཆིངས་ཡིག་དང་འགལ་རིགས་ཐོ་འགོད(ཞུ་སྦྱོར)བྱེད་སའི་རྒྱལ་ཡོངས་གཅིག་གྱུར་གྱི་ལས་སྟེགས་འཛུགས་དགོས། ཞུ་སྦྱོར་སྒྲུབ་སྐུལ་གྱི་གཅུན་སྡོམ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རྩ་འཛུགས་ཀྱི་འགན་སྲུང་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། སྡེ་ཚན་དབར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལས་རིགས་ཀྱི་རྩིས་དངུལ་འགྱངས་ཆད་ཀྱི་རྒྱུ་རྐྱེན་དང་དེ་བཞིན་འགོག་སེལ་བྱེད་ཐབས་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས། ཡིད་རྟོན་མེད་རིགས་ལ་བསླབ་སྡོམ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་དང་། རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།
《བསམ་འཆར》ནང་ནན་བཤད་བྱས་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཁེ་ལས་ཀྱི་ཁེ་དབང་སྲུང་སྐྱོང་དང་། ཁེ་ལས་ཀྱི་སྔོན་དཔག་བརྟན་དུ་གཏོང་བ། ཁེ་ལས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་བཅས་ཐད་ཀྱི་ཁེ་ལས་ཀྱི་རྩིས་དངུལ་འགྱངས་ཆད་གནད་དོན་ཐག་གཅོད་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཐོག ས་གནས་དེ་གའི་དོན་དངོས་དང་རང་ངོས་ཀྱི་འགན་འཁྲི་དང་ཟུང་འབྲེལ་བྱས་ཏེ་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས།