ཞི་ཅིན་ཕིང་ཨུ་རུ་སུར་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅུ་དྲུག་པར་ཞུགས་རྒྱུ་ཡིན་པ།
ཕྱི་འབྲེལ་པུའི་མགྲིན་ཚབ་པས་གསར་འགོད་པའི་དྲི་བར་ལན་བརྒྱབ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་10ཚེས་22ནས་24ཉིན་བར་ཨུ་རུ་སུའི་ཁཱ་ཧྲན་དུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅུ་དྲུག་པར་ཞུགས་རྒྱུ་རེད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་གི་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟླ་10ཚེས་22ནས་24ཉིན་བར་ཨུ་རུ་སུའི་ཁཱ་ཧྲན་དུ་འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅུ་དྲུག་པར་ཞུགས་རྒྱུ་རེད། ཟླ་10ཚེས་18ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།
མའོ་ཉིང་གིས་ད་ལོ་ནི“འབོ་གསེར་ཆེན་པོའི་མཉམ་ལས”ཀྱི་འགོ་ཚུགས་ལོ་ཡིན་ཞིང་། ད་ཐེངས་ཀྱི་ཞལ་འཛོམས་ནི་འབོ་གསེར་གྱི་ཁོངས་མི་མང་དུ་ཕྱིན་རྗེས་འཛོམས་ཐེངས་ཐོག་མ་དེ་ཡིན་པས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། དེ་བཙུགས་པ་ནས་བཟུང་འབོ་གསེར་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེ་བསྟུན་མཁས་དང་མཉམ་ལས་གཉིས་ཁེའི་སྙིང་སྟོབས་མཐའ་འཁྱོངས་དང་། མཐུན་སྒྲིལ་རང་སྟོབས་ཀྱི་ཐོག་མའི་བསམ་འདུན་བརྟན་པོར་བསྲུངས་ཏེ་ཕྱོགས་མང་རིང་ལུགས་སྲུང་སྐྱོང་ལ་གཞོལ་བར་བརྟེན་རྒྱལ་སྤྱིའི་ལས་དོན་ཁྲོད་ཧུར་བརྩོན་དང་། བརྟན་པོ། དགེ་བརྩོན་བཅས་ཀྱི་སྟོབས་ཤུགས་སུ་གྱུར་ཡོད་ཅེས་བརྗོད།
མའོ་ཉིང་གིས། ད་ཐེངས་ཀྱི་ཞལ་འཛོམས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཁྲིད་པའི་ཁྱབ་ཁོངས་ཆུང་བ་དང་ཁྱབ་ཁོངས་ཆེ་བའི་ཚོགས་འདུ་དང་། “འབོ་གསེར+”གྱི་འགོ་ཁྲིད་པའི་གླེང་མོལ་ཚོགས་འདུ་སོགས་ཀྱི་བྱེད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་རྒྱུ་མ་ཟད། རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་དང་ལྷན་དུ་མིག་སྔའི་རྒྱལ་སྤྱིའི་དུས་བབ་དང་། འབོ་གསེར་གྱི་དངོས་སྒྲུབ་མཉམ་ལས། འབོ་གསེར་གྱི་ལམ་སྲོལ་འཐུས་ཚང་། དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་བཅས་ལ་སྤེལ་རེས་གཏིང་ཟབ་གནང་རྒྱུ་རེད་ཅེས་བརྗོད།
མའོ་ཉིང་གིས“ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་མཉམ་དུ་འབད་བརྩོན་བྱས་ནས‘འབོ་གསེར་ཆེན་པོའི་མཉམ་ལས’བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་བཏང་སྟེ། ‘གོ་ལ་ཧྲིལ་པོའི་ལྷོ་ཕྱོགས’མཉམ་འབྲེལ་རང་སྟོབས་ཀྱི་དུས་རབས་གསར་པ་བཏོད་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད”ཅེས་བརྗོད།