དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-20

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མི་གང་དུ་ཡོད་པ་དེ་གར་དྲིལ་བསྒྲགས་བསམ་བློའི་ལས་ཀའི་གཙོ་གནད་ཡོད་ཅེས་གསལ་པོར་གསུངས་མྱོང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བའི་ཐད་ཆེད་མངགས་བཀོད་སྒྲིག་བྱས་ཏེ། དོ་དམ་སྒྲིག་སྲོལ་གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། དྲ་རྒྱའི་ནང་དོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དྲ་རྒྱའི་བར་མཐོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ན་སོ་དར་ལ་མ་བབས་པའི་མིའི་དྲ་རྒྱའི་སྲུང་སྐྱོང་ལས་དོན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་ལས་འགན་བཀོད་སྒྲིག་བྱས་ཡོད། ད་ཆ་དྲ་རྒྱའི་བར་མཐོངས་ནི་མི་རྣམས་ཀྱི་ཐོན་སྐྱེད་དང་འཚོ་བའི་བར་མཐོངས་གསར་པ་ཞིག་ཏུ་གྱུར་ཡོད་ལ། རིག་གནས་འཛུགས་སྐྱོང་གི་བར་མཐོངས་གསར་པ་ཞིག་ལའང་འགྱུར་དགོས།

    དྲང་ནུས་མཐའ་འཁྱོངས་བྱེད་པ་ནི་སྤྱིའི་བླང་བྱ་ཡིན་ཞིང་། དྲ་སྦྲེལ་ནི་གླེང་ཕྱོགས་འཐབ་རྩོད་ཀྱི་གཡུལ་ས་གལ་ཆེན་དུ་གྱུར་ཡོད་པ་དང་། དྲ་སྦྲེལ་ནི་མིག་སྔའི་འདུ་ཤེས་འཛིན་སྟངས་འཐབ་རྩོད་ཀྱི་གཡུལ་ས་མདུན་མར་གྱུར་ཡོད། རྣམ་པ་གང་འདྲ་ཞིག་གི་སྨྱན་སྦྱོར་དང་། དྲ་ཐོག་དང་དྲ་ཕྱི་གང་ཡིན་རུང་། བརྙན་ཤེལ་ཆེ་བའམ་ཆུང་བ་གང་ཞིག་ཡིན་རུང་། དྲང་ནུས་ཀྱིས་བདག་གིར་མ་བཟུང་ན་ལྡོག་ནུས་གང་སར་ཁྱབ་སྲིད། དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་ཁོང་དུ་དམ་པོར་ཆུད་པར་བྱས་ནས་དགེ་མཚན་ལྡན་ཞིང་སྐྱོན་བྲལ་གྱི་དྲ་རྒྱའི་རིག་གནས་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་། དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་གི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་མིའི་རིགས་ཀྱི་ཕུལ་བྱུང་ཤེས་དཔལ་གྲུབ་འབྲས་ཀྱིས་སེམས་རྒྱུད་གསོ་བ་དང་སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་སྟེ། དྲང་ནུས་ཆེ་བ་དང་བརྗོད་དོན་གཙོ་བོ་མཐོན་པོ་ཡོང་བ་དང་། བདེན་དོན་ལ་བརྟེན་ནས་རྫུན་གཏམ་ཐེར་འདོན་གྱིས་ཚན་རིག་ཉིད་ནོར་འཁྲུལ་ལས་རྣམ་པར་རྒྱལ་དུ་འཇུག་དགོས། དྲ་རྒྱའི་བར་མཐོངས་སུ་སྔར་བས་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་དར་སྤེལ་བཏང་ནས་དྲ་ཐོག་དང་དྲ་ཕྱིའི་ལྟེ་མཐུན་སྒོར་དབྱིབས་འཛུགས་སྐྱོང་གིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་གཞོལ་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།

    དོ་དམ་ཡག་པོ་བྱེད་ཐུབ་པ་མཐའ་འཁྱོངས་བྱེད་པ་ནི་བསྙོན་མེད་དོན་དམ་ཡིན་ཞིང་། ཆ་འཕྲིན་དུས་རབས་སུ་དྲ་དམངས་དང་དྲ་ཐོག་Vཆེན་ཁག་གཅིག་གིས“འཇིག་རྟེན་གཉིས”སུ་འཚོ་བ་སྐྱེལ་བཞིན་ཡོད་པར་རློམ་ནས་དྲ་རྒྱའི་བར་མཐོངས་སུ་རྫུན་གཏམ་གཡོ་སྒྱུ་དང་། དཀར་ནག་གོ་ལྡོག དཀྲོག་གཏམ་བཟོ་བ། ཁྲིམས་འགལ་ཉེས་གསོག་བཅས་ལ་བརྟེན་ནས་རྒྱུག་འབོར་རག་ཐབས་བྱེད་ཅིང་། བག་ཡོད་ཚུལ་ལྡན་དང་མ་མཐའི་ཚད་ཐིག་སྤུ་ཙམ་ཡང་མེད། དྲ་རྒྱའི་བར་མཐོངས་རྟོག་བཟོ་ཡིན་མོད་དྲ་རྒྱའི་བར་མཐོངས་སྤྱོད་པའི་བྱེད་པོ་ནི་དོན་དངོས་ཡིན་པས། མི་ཚང་མས་དྲ་རྒྱའི་ཐོག་གི་རང་ཉིད་ཀྱི་གཏམ་སྤྱོད་ལ་འགན་འཁུར་དགོས་པ་དང་། ཏང་ཡོན་ལས་བྱེད་པ་ཡིན་ནའང་འདྲ། དྲ་དམངས་ཡིན་ནའང་འདྲ། ཀུན་གྱིས་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས། དྲ་རྒྱ་སྤྱོད་པའི་བྱེད་པོ་སྣ་ཚོགས་ཀྱིས་དྲ་རྒྱའི་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱས་ཏེ་དྲ་རྒྱའི་བར་མཐོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། དྲ་རྒྱའི་བར་མཐོངས་བཅོས་སྐྱོང་གི་ཕྱོད་ནུས་ཆེ་རུ་ཧུར་ཐག་གཏོང་བར་བརྟེན་ནས་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་བགྲོད་ལམ་དུ་དྲ་སྦྲེལ་སྐྱོན་བྲལ་ངང་འཁོར་སྐྱོད་ཐུབ་པར་བྱེད་དགོས། རྒྱ་ཆེའི་དྲ་དམངས་ཀྱིས་ཁྲིམས་སྦྱོང་བ་དང་། ཁྲིམས་ཤེས་པ། ཁྲིམས་རྟོགས་པ། ཁྲིམས་སྲུང་བ། ཁྲིམས་སྤྱོད་པ་བཅས་བྱས་ནས་ང་ཚོའི་དྲ་རྒྱའི་བར་མཐོངས་སྔར་ལས་གཙང་དག་ཡོང་བ་བྱེད་དགོས་ཤིང་། དྲ་རྒྱའི་བར་མཐོངས་ནི་ཁྲིམས་འོག་ཏུ་མི་འདུས་པའི་ས་དང་གླེང་ཕྱོགས་གཞན་གཏོགས་ཀྱི་ས་ཆ་མིན་པ་བློ་ལ་བརྟན་པོར་ངེས་དགོས་པ་དང་། སྣང་མེད་ལིང་སྐྱུར་དང་ཤེས་བཞིན་ཁྲིམས་འགལ་བྱེད་མི་རུང་།

    བེད་སྤྱོད་ཡག་པོ་མཐའ་འཁྱོངས་བྱེད་པ་ནི་འཇོན་ཐང་ངོ་མ་ཡིན་ཞིང་། ཆ་འཕྲིན་ལག་རྩལ་ནི“རལ་གྲི་སོ་གཉིས་མ”ལྟ་བུ་ཡིན་པས། ཕྱོགས་གཅིག་ནས་སྤྱི་ཚོགས་དང་མི་དམངས་ལ་ཕན་བདེ་བསྐྲུན་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་མི་ཁ་ཤས་ཀྱིས་སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་དང་དམངས་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་གཏོང་བྱེད་དུའང་སྤྱོད་ཐུབ། དྲ་རྒྱའི་བར་མཐོངས་ཀྱི་འཐབ་རྩོད་དུས་བབ་རྙོག་འཛིང་ཆེ་ཞིང་ཛ་དྲག་ཆེ་བས། འདྲ་ཆགས་པོ་དང་སྟོང་བཤད་ཀྱང་ཀྱང་ལ་བརྟེན་ན་སྒྲུབ་མི་ཐུབ། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དྲ་རྒྱ་སྦྱོང་བ་དང་། དྲ་རྒྱ་ཤེས་པ། དྲ་རྒྱ་སྤྱོད་པ་བཅས་བྱས་ཏེ། ཁྲིམས་ལྟར་དྲ་སྐྱོང་དང་། ཁྲིམས་ལྟར་དྲ་གཉེར། ཁྲིམས་ལྟར་དྲ་ཞུགས་བཅས་མཐའ་འཁྱོངས་ཀྱིས་དྲ་སྦྲེལ་ཁྱབ་སྤེལ་གྱི་ཆོས་ཉིད་བརྩི་སྲུང་བྱས་ནས་དྲ་སྦྲེལ་འཕེལ་རྒྱས་གཏོང་བར་འཆར་འགོད་དང་། སྐུལ་འདེད། ཁྲིད་སྟོན་བཅས་ཧུར་ཐག་བྱེད་དགོས། གཞི་གྲངས་ཆེན་པོ་དང་མིས་བཟོས་རིག་ནུས་སོགས་སྔོན་ཐོན་ལག་རྩལ་བེད་སྤྱོད་གང་ལེགས་བཏང་སྟེ་དྲ་ཐོག་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་ནས། དྲ་སྦྲེལ་དེ་ང་ཚོས་མང་ཚོགས་དང་སྤེལ་རེས་འབྲེལ་འདྲིས་བྱེད་སའི་ལས་སྟེགས་གསར་པ་དང་། མང་ཚོགས་ཤེས་རྟོགས་དང་། མང་ཚོགས་ལ་ཉེ་བཅར། མང་ཚོགས་ཀྱི་དཀའ་ངལ་སེལ་བ་བཅས་ཀྱི་ཐབས་ལམ་གསར་པ། མི་དམངས་དམངས་གཙོ་དར་སྤེལ་དང་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པའི་ཐབས་ལམ་གསར་པ་བཅས་སུ་འགྱུར་བར་བྱས་ཏེ་ཏང་སེམས་དམངས་འདོད་མཉམ་འཕེལ་ཡོང་བར་བྱས་ནས་དྲ་སྦྲེལ་ཞེས་པའི་འགྱུར་ཚད་ཆེ་ཤོས་དེ་བྱ་གཞག་འཕེལ་རྒྱས་ཀྱི་འཕར་ཚད་ཆེ་ཤོས་སུ་འགྱུར་བར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།