“ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་དེ་འཛམ་གླིང་གི་དཔལ་འབྱོར་བརྟན་པོ་ཡོང་བར་གལ་འགངས་ཧ་ཅང་ཆེན་པོ་ཡོད”
ཀྲུང་གོ་དང་འཇར་མན་གྱི་མི་སྣས་རྒྱལ་ཁབ་གཉིས་པོའི་མཉམ་ལས་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་པ།
ཚེས་16ཉིན། མུའུ་ཉི་ཧེར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་དང་འཇར་མན་དབྱིན་ཀེར་ཧྲི་ཐཱ་ཐེ་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་པཱ་ཧྥ་ལི་ཡཱའི་ཀྲུང་གོའི་ཉིན་མོའི་བྱེད་སྒོ་སྐབས་བཅུ་པ་མུའུ་ཉི་ཧེ་གྲོང་ཁྱེར་དུ་གཉེར་ཞིང་། ཀྲུང་གོ་དང་འཇར་མན་གྱི་སྲིད་དོན་དང་ཚོང་དོན་ལས་རིགས་ཀྱི་མི་སྣ་120ལྷག་ཙམ་ཞུགས་ནས་ཀྲུང་གོའི་དཔལ་འབྱོར་གྱི་མདུན་ལམ་དང་། ཕྱོགས་གཉིས་པོའི་མ་འཇོག དེ་བཞིན་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཀྱི་མདུན་ལམ་བཟང་པོར་ཞིབ་བསྡུར་གཏིང་ཟབ་བྱས་པ་རེད།
མུའུ་ཉི་ཧེར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་གཞུང་ཚབ་ཁང་གི་ལས་ཚབ་སྤྱི་ཁྱབ་གཞུང་ཚབ་པ་ལིན་ཁའེ་ཡིས་ཤིས་ཚིག་སྒྲོན་སྐབས་བརྗོད་དོན། འདི་ལོ་ནི་ཀྲུང་གོ་དང་འཇར་མན་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་བཅུ་འཁོར་བའི་ལོ་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་དང་འཇར་མན་གྱི་པཱ་ཧྥ་ལི་ཡཱ་ཀྲོའུ(གཤམ་དུ་པཱ་ཀྲོའུ་ཞེས་བསྡུ་རྒྱུ)དབར་མཛའ་གྲོགས་ཟབ་མོ་ཡོད། མིག་སྔར་ཀྲུང་གོའི་ཁེ་ལས་500ཙམ་པཱ་ཀྲོའུ་རུ་གཞིས་ཆགས་ཤིང་། ཤིས་མེན་ཙེ་དང་། ཨའོ་ཏེ། པའོ་མ། ཨན་ལེན་བཅས་ཚུད་པའི་པཱ་ཀྲོའུ་ཡི་ཁེ་ལས་600ལྷག་ཙམ་གྱིས་ཀྲུང་གོར་ཡན་ལག་སྒྲིག་གཞི་བཙུགས་པ་དང་འབྲེལ་མ་འཇོག་ལས་དར་བྱེད་བཞིན་ཡོད།
པཱ་ཧྥ་ལི་ཡཱ་ཀྲོའུ་ཡི་དཔལ་འབྱོར་ལས་དོན་དང་། ས་ཁུལ་འཕེལ་རྒྱས་དང་ནུས་རྒྱུ་པུའི་རྒྱལ་དོན་དྲུང་ཡིག་ཐོ་པི་ཡཱ་སི·ཀོ་ཐེ་ཧ་ཐེས་བརྗོད་དོན། ལོ་ཤས་བསྟུད་མར་ཀྲུང་གོ་ནི་པཱ་ཀྲོའུ་ཡི་ཚོང་དོན་རོགས་ཟླ་གལ་ཆེ་ཤོས་ཡིན། 2023ལོར་ཀྲུང་གོ་དང་པཱ་ཀྲོའུ་ཡི་ཚོང་དོན་དངུལ་འབོར་ཡོ་སྒོར་དུང་ཕྱུར་530ཟིན་ཡོད། པཱ་ཀྲོའུ་ཡིས་ཀྲུང་གོར་ཕྱིར་གཏོང་བྱེད་མང་བ་ཡུན་རིང་རྒྱུན་འཁྱོངས་ཐུབ་པ་དང་། ནང་འདྲེན་བྱེད་ཚད་འདས་ཟིན་པའི་ལོ་གསུམ་ནང་ཧ་ལམ་ལྡབ་གཅིག་འཕར་ཡོད།
ཀོ་ཐེ་ཧ་ཐེས་ནན་བཤད་བྱས་དོན། འཇར་མན་གྱིས་ཕྱི་ཕྱོགས་ཚོང་དོན་ལ་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཀྲུང་གོའི་ཁྲོམ་ར་ནི་སྣང་ཆུང་བྱེད་མི་རུང་བ་ཞིག་རེད། ལོ་མང་རིང་རླངས་འཁོར་དང་། འཕྲུལ་ཆས་ལས་གྲྭ ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད་ལ། ཡིད་ཆེས་ལ་བརྟེན་ནས་ཐུན་མོང་ཡར་རྒྱས་བྱུང་བ་དེ་ཕྱོགས་གཉིས་པོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འབྲེལ། གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པར་ཕན་ཐོགས་ཡོད། རྒྱལ་ཁབ་གཉིས་པོས་ཁྱབ་ཁོངས་དེ་བས་མང་པོར་མུ་མཐུད་མཛའ་མཐུན་མཉམ་ལས་རྒྱུན་འཁྱོངས་ཡོང་བའི་རེ་སྒུག་བྱེད་ཀྱི་ཡོད།
ཀྲུང་གོ་ཚོང་དོན་པུའི་མ་འཇོག་སྐུལ་འདེད་ལས་དོན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡུས་ཀོང་ཧྲེང་གིས་བརྗོད་དོན། འདི་ལོའི་ལོ་སྟོད་དུ་འཇར་མན་གྱི་ཁེ་ལས་ཀྱིས་ཀྲུང་གོར་མ་དངུལ་གཏོང་ཚད་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། 2023ལོར་ཀྲུང་གོའི་ཁེ་ལས་ཀྱིས་འཇར་མན་དུ་མ་འཇོག་གསར་པ་བྱས་པའི་རྣམ་གྲངས་དུས་མཚུངས་ལས་42%འཕར་ཡོད། ཕྱོགས་གཉིས་པོའི་ཁེ་ལས་ཀྱིས་བྱ་སྤྱོད་ངོ་མའི་ཐོག་ནས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ“ཡིད་ཆེས་ཀྱི་འདེམས་ཤོག”འཕངས་ཡོད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་མཐུད་སྐུལ་འདེད་གཏོང་བཞིན་ཡོད་པས། ཕྱོགས་གཉིས་པོས་ཕན་ཚུན་གྱི་ལེགས་ཆ་གསབ་རེས་དང་། སྤེལ་རེས་ཀྱི་མཉམ་ལས་ལ་ཤུགས་སྣོན། འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བཅས་བྱེད་པའི་རེ་སྒུག་བྱེད་བཞིན་ཡོད།
བྱེད་སྒོ་སྤེལ་ཡུལ་དུ། པཱ་ཀྲོའུ་དབྱིན་ཀེར་ཧྲི་ཐ་ཐེ་གྲོང་ཁྱེར་དང་ཁྲང་ཁྲུན་གྲོང་ཁྱེར་གྱིས“དཔལ་འབྱོར་འཐབ་ཇུས་མཉམ་ལས་རོགས་ཟླའི”འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། དབྱིན་ཀེར་ཧྲི་ཐ་ཐེ་གྲོང་ཁྱེར་གྱི་ཧྲི་ཀྲང་ཁེ་ལི་སི་ཏེ་ཨན·ཧྲ་ཕུའུ་ཧྥུས་ངོ་སྤྲོད་བྱས་དོན། ཨའོ་ཏེའི་སྤྱི་ཁྱབ་པུའུ་གནས་སའི་གྲོང་ཁྱེར་དང་ཀྲུང་གོ་རླངས་འཁོར་ཚོགས་པ་ཚད་ཡོད་ཀུང་སི་དང་པོ་གནས་སའི་ཁྲང་ཁྲུན་གྲོང་ཁྱེར་དབར་ལོ་མང་རིང་འབྲེལ་བ་དམ་ཟབ་རྒྱུན་འཁྱོངས་ཐུབ་ནས་དཔལ་འབྱོར་དང་རིག་གནས་ཐད་སྤེལ་རེས་མང་པོ་བྱེད་ཀྱི་ཡོད། འབྱུང་འགྱུར་མུ་མཐུད་མཉམ་ལས་བྱེད་ཟབ་ཏུ་གཏོང་གི་ཡིན།
ཧྲ་ཕུའུ་ཧྥུས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། མིག་སྔའི་ས་འབྲེལ་གྱི་ཆབ་སྲིད་དུས་བབ་ཛ་དྲག་པ་སོགས་ཀྱི་རྒྱབ་ལྗོངས་འོག་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་གཞི་གཙོ་བོ་དང་ཚོང་དོན་རྒྱལ་ཁབ་ཆེན་པོ་ཡིན་པའི་ཀྲུང་གོ་དང་འཇར་མན་དབར་མཉམ་ལས་རྒྱུན་འཁྱོངས་བྱེད་པ་དེ་འཛམ་གླིང་གི་དཔལ་འབྱོར་བརྟན་པོ་ཡོང་བར་གལ་ཆེན་པོ་ཡིན་ཞེས་བརྗོད། ཁོང་གིས་རྒྱལ་ཁབ་གཉིས་པོའི་འབྱུང་འགྱུར་གྱི་མཉམ་ལས་ལ་ཡིད་ཆེས་ཆེན་པོ་བྱེད་ཅིང་། གནམ་གཤིས་སྲུང་སྐྱོང་དང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས། སློབ་གསོ་སྤེལ་རེས། རིག་གནས་ཕན་ཚུན་དཔྱད་གཞིར་འཛིན་པ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་ཀྱི་མདུན་ལམ་ཆེན་པོ་ལྡན་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཀོ་ཐེ་ཧ་ཐེས་བརྗོད་དོན། གློག་སྒུལ་རླངས་འཁོར་ལ་སྒོ་ཁྲལ་སྤར་བ་དེས་ཚོང་དོན་འགལ་བ་ཆེ་རུ་འགྲོ་སྲིད། འདི་ནི་རང་མོས་ཚོང་དོན་གྱི་རྩ་དོན་དང་རྒྱབ་འགལ་རེད། ཁེ་ཕན་དང་འབྲེལ་བ་ཡོད་པའི་ཕྱོགས་ཚང་མའི་ངོས་ནས་བརྗོད་ན། སྒོ་ཁྲལ་མི་སྤོར་བའི་བྱ་ཐབས་ནི་ཐག་གཅོད་ཀྱི་ཇུས་གཞི་ཡག་ཤོས་དེ་ཡིན་པ་སྨོས་མི་དགོས།