ཀན་སུའུ་ཞིང་ཆེན་འབྲུག་ཆུ་རྫོང་ཁྲེང་ཀོན་གྲོང་རྡལ།
སླེ་པོའི་སྔོ་ཚལ་ཁྲོམ་རས་དམངས་ལ་ཕན་པ་བསྐྲུན་པ།
“ཀུ་ཤུ་སེར་པོ་སོས་པ་ཡོད། བཏོག་མ་ཐག་པའི་མ་རྨོས་ལོ་ཏོག་ཡོད། དེ་རིང་ཞོགས་པ་བཀོག་པའི་རི་སྐྱེས་སྔོ་ཚལ་ཡོད” ཞོགས་པའི་ཆུ་ཚོད་དྲུག་པ་ཡོལ་ཙམ་ལ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་འབྲུག་ཆུ་རྫོང་ཁྲེང་ཀོན་གྲོང་རྡལ་གྱི“འབྲུག་ཆུའི་སླེ་པོའི་སྔོ་ཚལ་ཁྲོམ་ར”ཞེས་སུ་འབོད་པའི་ཁྲོམ་ར་ཆུང་ཆུང་ཞིག་ནས་སྐད་གྲགས་ཡོང་།
འབྲུག་ཆུའི་གྲོང་མི་མི་ཉུང་བ་ཞིག་གིས་ཞིང་དལ་གྱི་དུས་སུ་སླེ་པོའི་ནང་རང་ཁྱིམ་གྱིས་བཏབ་པའི་སྔོ་ཚལ་དང་ཤིང་ཏོག་སོགས་བླུགས་ནས་ཁྲོམ་གཞུང་གང་སར་ཚོང་བར་འགྲོ་གི་ཡོད། གྲོང་མི་ཚོས་མཐོ་ཚད་སྨི་ཕྱེད་ཀ་ལྷག་དང་ཞེང་ཚད་དཔུང་ཞེང་དང་མཉམ་པའི་སླེ་པོ་རེ་ཁུར་ནས་གཞུང་ལམ་དུ་བསྐྱོད་པས་གྲོང་ཁྱེར་ཕྱོགས་བསྡུས་དོ་དམ་ལ་འགྲན་སློང་མི་ཆུང་བ་འཕྲད་ཡོད་པ་རེད།
ལོ་གཉིས་ལྷག་ཙམ་གོང་། འབྲུག་ཆུ་རྫོང་གྲོང་ཁྱེར་དོ་དམ་ཕྱོགས་བསྡུས་ཁྲིམས་སྒྱུར་ཅུས་ཀྱི་ཅུས་ཀྲང་ལན་ཧུའེ་ཀྲུང་གིས་བརྟག་ཞིབ་བྱེད་རིང་མང་ཚོགས་ཀྱིས་དེའི་ཐད་བསམ་འཆར་མང་པོ་བཏོན་པས“གཏན་འཇགས་ཀྱི་ཚལ་ཁྲོམ་ཞིག་བསྐྲུན་རྒྱུ”དེ་ཁོང་དང་ལས་རོགས་ཚོའི་མ་གྲོས་གཅིག་མཐུན་གྱི་བྱེད་ཐབས་ཤིག་ཏུ་གྱུར་པ་རེད། འོན་ཀྱང་ཞེང་ཁ་ཆུང་ཞིང་དཀྱུས་རིང་བའི་འབྲུག་ཆུ་རྫོང་གྲོང་དུ་རྒྱ་ཁྱོན་ཆེ་ཞིང་མི་ཚོགས་མང་བའི་ས་ཆ་ཞིག་འཚོལ་རྒྱུ་ནི་ལས་སླ་པོ་ཞིག་ག་ལ་ཡིན། ཚལ་འཚོང་མཁན་གྲོང་མི་ཚོའི་མ་གནས་མཐོ་རུ་གཏོང་རྒྱུ་མེད་ལ་ཚལ་ཉོ་མཁན་མང་ཚོགས་ལའང་སྟབས་བདེ་ཡོད་པ་བྱེད་དགོས་ཀྱི་ཡོད།
དེས་ན་ལན་ཧུའེ་ཀྲུང་གིས་ཟླ་བ་གཉིས་ནང་མི་ཐེངས་60མངགས་ནས་ཆ་རྐྱེན་འཛོམས་པའི་ས་ཆ་ཚང་མ་ཐོ་འགོད་དང་ཕན་ཚུན་བསྡུར་བ་བཏང་མཐར་ཁྲེང་ཀོན་གྲོང་རྡལ་ཤར་གྲོང་སྡེ་ཁུལ་གྱི་རླངས་འཁོར་འཇོག་ས་ཞིག་བདམས་པ་དང་། རྒྱ་ཁྱོན་སྨི་ངོས་གྲུ་1000ལྷག་ཡོད་པའི་རླངས་འཁོར་འཇོག་ས་དེ་སྤོ་གྲབས་ཡོད་པ་མ་ཟད། ད་དུང་རྫོང་གྲོང་ཉེ་འཁོར་གྱི་གྲོང་ཚོ་ཁག་ཏུ་སྐྱོད་པའི་གཞུང་ལམ་དང་ཐག་ཉེ་པོ་ཡོད་པས་འགྲིམ་འགྲུལ་ཡང་སྟབས་བདེ་པོ་ཡོད་པ་རེད།
དེ་ནས་ཚང་མས་ལས་བགོས་བརྒྱབ་ནས་མགྱོགས་མྱུར་བྱ་སྤྱོད་སྤེལ་བ་སྟེ། ཁ་ཤས་ཀྱིས་རླངས་འཁོར་འཇོག་ས་ཀུང་སི་དང་མཐུན་སྦྱོར་བྱས་པ་དང་། ཁ་ཤས་ཀྱིས་འབྲེལ་ཡོད་དམངས་འཚོའི་རྣམ་གྲངས་ཀྱི་མ་དངུལ་བརྩོན་ལེན་བྱས་ནས་གང་མགྱོགས་འཛུགས་སྐྲུན་ཐུབ་པར་བྱས་པས། ཟླ་གཅིག་དང་ཟླ་ཕྱེད་ནང་ཨར་འདམ་འདིང་བ་དང་ལྕགས་སྒྲོམ་འཛུགས་པ་སོགས་ལེགས་གྲུབ་བྱུང་ཞིང་། 2022ལོའི་ཟླ་ལྔ་པར། སླེ་པོའི་སྔོ་ཚལ་ཁྲོམ་ར་དེ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས། དེ་རྗེས་ཁྲིམས་སྒྱུར་ཅུས་ཀྱི་གཞོགས་འདེགས་འོག་ཁྲོམ་རའི་ཐོག་བཀབ་པ་མ་ཟད་ད་དུང་ཁྲོམ་སྟེགས་220བཙུགས་ནས་གྲོང་མི་ཚོས་རིན་མེད་ངང་བེད་སྤྱོད་བྱེད་ཆོག་གི་ཡོད་པ་རེད།
གཏན་འཇགས་ཀྱི་ཁྲོམ་ར་ཡོད་པ་མ་ཟད་ལེ་ལག་ཀྱང་ཚང་ཞིང་། ཁྲོམ་རའི་གཏན་འཇགས་ཀྱི་སྡོད་བྱའི་ཁང་ནང་ཁྲིམས་སྒྱུར་ཅུས་ཀྱིས་ཉིན་ལྟར་ཉུང་མཐར་ཡང་མི་གཉིས་རེ་མངགས་ནས་ལས་རེས་བྱེད་ཀྱི་ཡོད་པ་མ་ཟད། དྲང་སྙོམས་རྒྱ་མ་དང་ཐེར་གེ་སོཌ་ཀྱང་བཀོད་སྒྲིག་བྱས་ཡོད་པ་རེད། ལན་ཧུའེ་ཀྲུང་གིས“ང་ཚོས་མང་ཚོགས་ཀྱི་མིག་སྔའི་ཁེ་ཕན་དང་བསམ་ཚུལ་ལ་བསམ་བློ་གཏོང་དགོས་པ་མ་ཟད། ད་དུང་ཕུགས་ཀྱི་ལས་དོན་ཡང་ཡག་པོ་སྒྲུབ་དགོས”ཞེས་བཤད།
ད་ལོ་ལོ་40ལ་སླེབས་པའི་དབྱང་ཀུའུ་ཧྭ་ནི་ཉེ་འཁོར་གྱི་སན་ཡན་ཡུས་གྲོང་ཚོར་སྡོད་ཀྱི་ཡོད་ལ་རྫོང་གྲོང་དུ་ཚལ་བཙོངས་ནས་ལོ་22འགྲོ་གི་ཡོད་པ་རེད། ཁོང་གིས་རང་ཉིད་ཀྱི་ཁྲོམ་སྟེགས་ལ་མཛུབ་མོ་བཙུགས་ནས“ད་ཆ་ངའི་ནང་མིས་ཉིན་རེར་ཚལ་སླེ་པོ་བདུན་བརྒྱད་ཙམ་ཁུར་ཡོང་ནས་ཚང་མ་ངས་ཁྲོམ་ར་འདིར་ཚོང་གི་ཡོད། ཁོང་ཚོ་ཕྱིར་ལོག་ནས་ཞིང་ལས་བྱེད་ཀྱི་ཡོད”ཅེས་བཤད། ཡིན་ན་ཡང་སླེ་པོའི་སྔོ་ཚལ་ཁྲོམ་ར་མ་བཙུགས་གོང་ཁོང་གིས་ཚལ་སླེ་པོ་གང་རྒྱབ་ཏུ་ཁུར་ནས་ཁྲོམ་གཞུང་གང་སར་ཚོང་གི་ཡོད་པ་རེད།
གྲོང་མི་ཚོ་འགྲོ་འོང་བྱེད་བདེ་པོ་ཡོང་ཆེད། སླེ་པོའི་སྔོ་ཚལ་ཁྲོམ་རའི་འཛུལ་སྒོའི་ཉེ་འཁོར་དུ་ཆེད་མངཌ་སྤྱི་སྤྱོད་རླངས་འཁོར་འབབ་ཚུཌ་ཤིག་བཀོད་སྒྲིག་བྱས་ནས་ཉིན་ལྟར་སྤྱི་སྤྱོད་རླངས་འཁོར་མང་པོ་ཉེ་འཁོར་གྱི་གྲོང་ཚོར་སྐྱོད་ཀྱི་ཡོད། ནམ་རྒྱུན་སྐར་མ་12ལ་སྤྱི་སྤྱོད་རླངས་འཁོར་ཐེངས་རེ་ཡོད། མི་མང་པོ་ཡོད་སྐབས་སྐར་མ་10རེའི་ནང་ཐེངས་རེ་ཡོང་གི་ཡོད། ཁྲིམས་སྒྱུར་ཅུས་ཀྱིས་ད་དུང་ཕི་གཱ་རླངས་འཁོར་ཞིག་ཀྱང་གྲ་སྒྲིག་བྱས་ནས་སླེ་པོ་ཁྱེར་བའི་གྲོང་མི་མང་པོ་སྤྱི་སྤྱོད་རླངས་འཁོར་འབབ་ཚུཌ་སུ་བསུ་བར་འགྲོ་གི་ཡོད་པ་རེད།
ལན་ཧུའེ་ཀྲུང་གིས“སླེ་པོའི་སྔོ་ཚལ་ཁྲོམ་རའི་གྲུབ་འབྲས་ཐོབ་པའི་ལག་ལེན་ལས་ང་ཚོར་བློ་སྐྱེད་མང་པོ་ཐོབ་བྱུང་། དེ་དག་ལས་གལ་ཆེ་ཤོས་ཤིག་ནི། མང་ཚོགས་ཀྱི་ཕྱོགས་ནས་བསམ་བློ་མང་ཙམ་བཏང་ཚེ་ཞབས་ཞུ་དེ་བས་ལེགས་སུ་གཏོང་ཐུབ་པ་དེ་རེད”ཅེས་བཤད།