དུས་ཚིགས་དང་པོ་ནས་གསུམ་པའི་བར་མཚོ་སྔོན་ནས་ཐོན་པའི་སྔོ་ཚལ་གྱི་ཞིབ་དཔྱད་ཚད་ལེན་གྱི་ཚད་གཞི་ལོན་ཚད་98%ཡན་ཟིན་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་10ཚེས་16ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར་ཞིང་ཆེན་ཡོངས་ཀྱི་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་63ཙམ་ཟིན་ནས་ཐོན་འབབ་ཏུན་ཁྲི་127ལྷག་ཙམ་ཟིན་གྱི་ཡོད། སྔོ་ཚལ་ཐོན་རྫས་ཀྱི་སྤུས་ཚད་དང་བདེ་འཇགས་ཀྱི་འཆར་ཅན་ལྟ་ཞིབ་ཚད་ལེན་བྱས་འབྲས་ལ་གཞིགས་ན། དུས་ཚིགས་དང་པོ་ནས་གསུམ་པའི་བར་ས་གནས་ཁག་གི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་138ལ་འཐེན་བཤེར་བྱས་པར་ཞིབ་དཔྱད་ཚད་ལེན་གྱི་ཚད་གཞི་ལོན་ཚད་98%ཡན་ཟིན་ནས་གྲོང་མིའི“ཤ་ཚལ་སྒོང་གསུམ”གྱི་བདེ་འཇགས་མཁོ་སྤྲོད་ལ་འགན་སྲུང་ནུས་ལྡན་ཐུབ་ཡོད་པ་རེད།
འདི་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ཉུང་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བའི་བྱ་སྤྱོད་རྒྱུན་མཐུད་ལག་ལེན་བསྟར་ཏེ། གཞི་ཁྱོན་ཅན་གྱི་སྔོ་ཚལ་ཐོན་སྐྱེད་རྟེན་གཞིར་འགྱིག་ཤོག་ཁྱོན་ཡོངས་ལ་གཡོགས་པ་དང་། ཆུ་ལུད་གཞི་གཅིག་ཅན། གནོད་མེད་ཅན་གྱི་སྔོན་འགོག་དང་ཚོད་འཛིན་སོགས་ཀྱི་ཐོན་སྐྱེད་ལག་རྩལ་དཔེ་སྟོན་ཁྱབ་གདལ་གཏོང་བ་དང་། ལྗང་མདོག་ཐོན་སྐྱེད་ཀྱི་ལྟེ་བའི་དཔེ་སྟོན་ཁུལ་བསྐྲུན་ནས་སྔོ་ཚལ་ཐོན་ལས་ཀྱི་ལྗང་མདོག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཡོད་པ་རེད། ས་མཐོའི་གྲང་བསིལ་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མྱུར་པོ་བཏང་ནས་ཞིང་ཆེན་ཡོངས་ཀྱི་སྔོ་ཚལ་ཐོན་ལས་ཀྱི་ལྗང་མདོག་སྐྱེ་ལྡན་གྱི་རྨང་གཞི་བརྟན་དུ་གཏོང་ཆེད། ཉེ་བའི་ལོ་ཤས་རིང་མཚོ་སྔོན་གྱིས་སྔ་རྗེས་སུ་མུའུ་བརྒྱ་དང་མུའུ་སྟོང་གི་སྔོ་ཚལ་གྱི་ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞི་312དང་། སྔོ་ཚལ་གྱི་ཚད་ལྡན་གླིང(ཐོན་སྐྱེད་རྟེན་གཞི)163 ཞིང་ཆེན་རིམ་པའི་སྔོ་ཚལ་ཐོན་ལས་གླིང་3བཅས་བཙུགས་པ་དང་། འགག་སྒོར་ཐོ་འགོད་སྙན་སེང་བྱས་པའི་ཕྱིར་གཏོང་སྔོ་ཚལ་རྟེན་གཞི་29ཡོད་པ་དེ་དག་གི་རྒྱ་ཁྱོན་མུའུ་ཁྲི་5.7ཟིན་ཡོད་པ་རེད།