“གནམ་འོག་གི་ལམ་སྐྱོང་ཏའོ་པན་དང་པོ”
ས་བབ་མཐོ་ཤོས་སུ་ལམ་སྐྱོང་ལས་ལ་འབད་བཞིན་པ།
འདི་ནི་རྒྱལ་ལམ་109ཡི་བདག་སྐྱོང་ཤར་བགྲོད་ས་ཚིགས་ཀྱི་ལམ་བཟོ་བས་ལམ་ངོས་ཉམས་གསོ་བྱེད་བཞིན་པ།
བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་ཉིན་རེའི་ཚགས་པར་གྱི་མཚོ་བོད་ལམ་ཐིག་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་།
གདང་ལའི་མཚོ་བོད་གཞུང་ལམ་གྱི་ས་བབ་མཐོ་ཤོས་ཁུལ་ལ“སྲོག་གནས་དཀའ་ཁུལ”ཞེས་བརྗོད་སྲོལ་ཡོད། འདི་གར་ས་བབ་མཐོ་ཞིང་གྲང་ངར་ཆེ་ལ་གསོ་རླུང་དཀོན་པ་དང་གནམ་གཤིས་ཆ་རྐྱེན་ཞན་པས། ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་8°Cཟིན་པ་དང་། གྲང་ཤོས་སྐབས་སུ་དྲོད་ཚད་ཀླད་ཀོར་འོག་གི་40°Cཟིན་གྱི་ཡོད། མཁའ་རླུང་ནང་གསོ་རླུང་འདུས་ཚད་རྒྱ་མཚོའི་ངོས་ཀྱི་40%ལས་ཟིན་གྱི་མེད་ཅིང་། ལོ་གཅིག་ནང་ཉིན་120ཡན་ལ་ལྷགས་པ་ཆེན་པོ་རིམ་པ་8རྒྱག་གི་ཡོད།
ཟླ་8ཚེས་18ཉིན་གྱི་ཞོགས་པ། བཅར་འདྲི་ཚོགས་ཆུང་དང་བཅས་པ་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་ནས་རྡོག་ཐོན་བྱས་ཏེ་མཚོ་བོད་གཞུང་ལམ་བྱ་གཞག་འཕེལ་རྒྱས་དང་འཕྲལ་སྡོམ་འགན་ལེན་ལྟེ་གནས་ཨ་མདོ་བདག་སྐྱོང་དུམ་བུའི་རྒྱལ་ལམ་109ཡི་བདག་སྐྱོང་ཤར་བགྲོད་འགན་ལེན་ས་ཚིགས་སུ་བསྐྱོད་པ་ཡིན། ལམ་བར་དུ་ཕར་འགྲོ་ཚུར་འོང་བྱེད་མཁན་རླངས་འཁོར་རྒྱུན་ཆད་རྒྱུ་མེད་པ་དང་། ལ་ཀླུང་མང་པོ་བརྒྱབ་པ་དང་བསྟུན་ནས་ས་བབ་ཀྱང་རིམ་གྱིས་མཐོ་རུ་འགྲོ་བཞིན་འདུག
རྒྱལ་ལམ་109ཡི་བདག་སྐྱོང་ཤར་བགྲོད་འགན་ལེན་ས་ཚིགས་དེ་ཉིད་ས་བབ་མཐོ་ཚད་སྨི་5231ཟིན་པའི་གདང་ལའི་ལམ་དུམ་དུ་གནས་པ་དང་། དེ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ལམ་སྐྱོང་ཏའོ་པན་ཞིག་རེད། 1990ལོའི་ཟླ་8པར། འགྲིམ་འགྲུལ་པུའུ(ད་ཆའི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ)ཡིས་རྒྱལ་ལམ་109ཡི་བདག་སྐྱོང་ཤར་བགྲོད་འགན་ལེན་ས་ཚིགས་ལ“གནམ་འོག་གི་ལམ་སྐྱོང་ཏའོ་པན་དང་པོ”ཞེས་པའི་མིང་བཏགས་ཡོད།
བརྟན་སྲུང་། ལམ་གང་དུ་ཡོད་ཀྱང་ཁྱིམ་ཚང་དེ་རུ་ཡོད།
བཅར་འདྲི་ཚོགས་ཆུང་དང་བཅས་པ་རྒྱལ་ལམ་109ཡི་བདག་སྐྱོང་ཤར་བགྲོད་འགན་ལེན་ས་ཚིགས་སུ་འབྱོར་སྐབས་ཉིན་དགུང་ཟིན་པ་དང་། ལས་ཁུལ་གྱི་འགན་འཁུར་བ་བདེ་དགས་ལས་བཟོའི་སྣེ་ཁྲིད་དེ་མཚོ་བོད་གཞུང་ལམ་དུ་ལས་ཀར་བསྐྱོད་པ་དང་ཏག་ཏག་འཁེལ་ཞིང་། ཁོང་ཚོས་ས་དོང་རྒྱོང་བ་དང་། སྣུམ་ནག་འདིང་བ། ལམ་ངོས་བདག་སྐྱོང་བཅས་བྱས་ནས་འཁོར་རིགས་རྒྱུན་གཏན་བཞིན་འགྲུལ་བཞུད་ཐུབ་པའི་འགན་ལེན་བྱེད་བཞིན་འདུག
སྐབས་དེ་དུས་བདེ་དགའི་ལོ་5ལ་སོན་པའི་བུ་གཞུང་ལས་ཁུལ་གྱི་སྒོ་རའི་ནང་རྩེད་མོ་བརྩེ་བ་དང་ཕར་རྒྱུག་ཚུར་རྒྱུག་བྱེད་བཞིན་ཡོད་པ་དང་། ས་བབ་མཐོ་བའི་ཤུགས་རྐྱེན་སྤུ་ཙམ་ཡང་ཐེབས་མེད། “ཕྲུ་གུ་སྐྱེས་ནས་ཟླ་བ་གསུམ་སོང་རྗེས་དེ་གར་འཚོ་བ་བསྐྱལ་བས་དེ་ཁུལ་གྱི་ཁོར་ཡུག་ལ་གོམས་ཡོད། ཕྲུ་གུའི་ངོས་ནས་བརྗོད་ན་ཤར་བགྲོད་འགན་ལེན་ས་ཚིགས་ནི་ང་ཚོའི་ཁྱིམ་རེད། ང་རང་ཡང་རྒྱལ་ལམ་109ཡི་བདག་སྐྱོང་ཤར་བགྲོད་འགན་ལེན་ས་ཚིགས་སུ་འཚོ་བ་བསྐྱལ་བ་དང་འཚར་ལོངས་བྱུང་བ་ཞིག་རེད”ཅེས་བདེ་དགས་གསར་འགོད་པར་བརྗོད།
འདི་ལོ་ལོ་43ལ་སླེབས་པའི་བདེ་དགའི་ཕ་མ་གཉིས་ནི“གནམ་འོག་གི་ལམ་སྐྱོང་ཏའོ་པན་དང་པོའི”ལམ་སྐྱོང་བཟོ་པ་ཡིན་པ་དང་། ལམ་སྐྱོང་ཏའོ་པན་དུ་འཚར་ལོངས་བྱུང་བའི་ཁོང་གིས་ལམ་སྐྱོང་དང་མཚོ་བོད་གཞུང་ལམ་ལ་དམིགས་བསལ་གྱི་བརྩེ་དུང་འཆང་གི་ཡོད།
བདེ་དགའ་1997ལོར་དམག་དཔུང་ལ་ཞུགས་པ་དང་། 2009ལོར་དམག་ཞབས་ཐིམ་ཞིང་། དམག་དཔུང་དུ་དམག་ཞབས་ཞུ་རིང་དམག་མིའི་རླངས་འཁོར་རུ་ཁག་གི་དམག་མི་ཞིག་ཡིན་པའི་ངོས་ནས་མཚོ་བོད་གཞུང་ལམ་ཐོག་སྐྱེལ་འདྲེན་ལས་ལ་ཧུར་ཐག་གཞོལ་ཡོད། 2014ལོར། བདེ་དགས་ཕ་མའི་བྱ་གཞག་མུ་མཐུད་རྒྱུན་འཛིན་བྱས་ཏེ“ལམ་སྐྱོང་མི་རབས་གཉིས་པར”གྱུར་ནས“གནམ་འོག་གི་ལམ་སྐྱོང་ཏའོ་པན་དང་པོར”ལས་ཀ་བྱེད་བཞིན་པའི་བཟའ་ཟླ་ལྷག་རྡོར་དང་མཉམ་དུ་ལམ་སྐྱོང་གི་འཐབ་ས་དང་པོར་ལས་གནས་བརྟན་སྲུང་བྱས་ཡོད།
རྒྱུན་འཛིན། མུ་མཐུད་འབད་འཐབ་བྱས་ནས་ལམ་རྡོ་ཞིག་ཧུར་ཐག་བྱེད་པ།
“ལམ་སྐྱོང་ཏའོ་པན་དང་པོའི”གཟི་བརྗིད་མཚན་སྙན་ནང་ལས་བཟོ་མི་རབས་མང་པོའི་སེམས་ཤུགས་དང་རྔུལ་ཆུ་འདུས་ཤིང་། གཅིག་ནས་དཀའ་སྡུག་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པ་དང་། ཞུམ་མེད་སྙིང་རུས་ཆེན་པོས་ལམ་རྡོ་ཞིག་བྱེད་པ། དམག་དམངས་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་མི་རིགས་མཐུན་སྒྲིལ་བཅས་ཀྱི“ལམ་གཉིས”ཀྱི་སྙིང་སྟོབས་ལས་བཟོ་ཚོས་ས་བབ་མཐོ་ཤོས་སུ་ལས་གནས་བརྟན་སྲུང་བྱེད་པའི་དད་སེམས་ལ་གྱུར་ཡོད།
འདི་ལོ་ལོ་70ལ་སླེབས་པའི་བགྲེས་སོང་བན་ཆུང་ཨ་མདོ་རྫོང་བྲག་ནག་གྲོང་རྡལ་ནས་ཡིན་པ་དང་། ལོ་16ལ་སོན་སྐབས་ལས་མིར་བསྡུས་ནས་རྒྱལ་ལམ་109ཡི་བདག་སྐྱོང་ཤར་བགྲོད་འགན་ལེན་ས་ཚིགས་སུ་ལས་ཀ་བྱས་ཏེ་ལམ་སྐྱོང་བཟོ་པ་ཞིག་ཏུ་གྱུར་ཡོད། ཨ་མདོ་རྫོང་དུ་གསར་འགོད་པར་བགྲེས་སོང་འཕྲད་སྐབས་ཁོང་དང་བུ་མོ་གཞོན་པ་མཉམ་དུ་འཚོ་བ་སྐྱེལ་བཞིན་འདུག
“ང་ནི་ཁག་ཐེངས་དང་པོར་དངོས་སུ་བསྡུས་པའི་བདག་སྐྱོང་བཟོ་པ་ཞིག་རེད། སྐབས་དེ་དུས་གསར་དུ་བསྡུས་པའི་ང་ཚོ་ལས་མི་16བདག་སྐྱོང་ལམ་དུམ་དུ་འབྱོར་སྐབས་ཁང་མིག་གསུམ་ལས་མིན་འདུག སྐབས་དེ་དུས་ང་ཚོས་ལམ་ཐག་སྤྱི་ལེ་10ཟིན་པའི་བདག་སྐྱོང་ལས་འགན་འཁུར་གྱི་ཡོད། ཉིན་ལྟར་ཞོགས་པ་སྔ་པོ་ནས་ཐོན་པ་དང་དགོང་མོ་ཕྱི་པོར་ལོག་ནས་རྐང་ཐང་མར་གཞུང་ལམ་བདག་སྐྱོང་བྱེད་ཀྱི་ཡོད། ཡོ་བྱད་ཀྱང་སྟབས་བདེའི་ལྕགས་ཁེམ་དང་སྙིགས་གཞོང་ལས་མེད”ཅེས་བན་ཆུང་གིས་དྲན་གསོ་བྱེད་བཞིན་བརྗོད་པ་དང་། ཁོང་གིས“མ་གཞི་ཆ་རྐྱེན་ཞན་པོ་ཡོད་རུང་ཚང་མར་དངོས་སུ་ལས་ཀ་བྱེད་རྒྱུ་ཡོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད”ཅེས་བརྗོད།
རྒྱལ་ལམ་109ཡི་བདག་སྐྱོང་ཤར་བགྲོད་འགན་ལེན་ས་ཚིགས་སུ་བན་ཆུང་དང་ལམ་སྐྱོང་བཟོ་པ་ངག་རྒྱལ་ངོ་ཤེས་ཏེ་གཉེན་སྒྲིག་བྱས་ནས་ཁྱིམ་ཚང་གསར་པ་ཞིག་ཆགས་པ་དང། ཁོང་ཚོའི་ཕྲུ་གུ་བཞི་པོ་ཚང་མ་འདི་གར་འཚར་ལོངས་བྱུང་བ་དང་འབྲེལ་ལམ་སྐྱོང་བཟོ་པར་གྱུར་ཡོད། 1998ལོར་བན་ཆུང་རྒན་ཡོལ་ཞུས་པ་དང་རྒན་ཡོལ་མ་ཞུས་གོང་གི་ལོ་གཅིག་གི་གོང་རྒན་རྒོན་གཉིས་པོས་རྫོང་གྲོང་དུ་ཁང་པ་ཞིག་ཉོས་པ་དང་། རྒན་ཡོལ་ཞུས་རྗེས་ཨ་མདོ་རྫོང་གྲོང་དུ་འཚོ་བ་བསྐྱལ་ནས་བསྡད་ཡོད།
བུ་མོ་གཞོན་པ་ཚེ་རིང་བདེ་སྐྱིད་ལས་ཀར་ཞུགས་རྗེས་ལམ་སྐྱོང་དུམ་བུར་མ་བྱན་བྱས་ནས་བསྡད་པ་དང་2012ལོར“གནམ་འོག་གི་ལམ་སྐྱོང་ཏའོ་པན་དང་པོར”ལས་སྒྱུར་བྱས། ན་ནིང་ཚེ་རིང་བདེ་སྐྱིད་ཀྱི་བུ་མོ་ཉི་སྐྱིད་མཐོ་རིམ་སློབ་འབྲིང་ཐོན་པ་དང་ལོ་མཇུག་ཏུ་ལས་བསྡུའི་ཡིག་རྒྱུགས་འཕྲོད་དེ་ལམ་སྐྱོང་མི་རབས་གསུམ་པར་གྱུར་ཡོད།
དྲོ་སྐྱིད། གཅེས་སེམས་རོགས་སྐྱོབ་ལས་བརྩེ་སེམས་བརྒྱུད་སྤྲོད་བྱེད་པ།
གདང་ལར“ཐང་དཀར་རྒོད་པོས་ཀྱང་འཕུར་ཐབས་བྲལ་བའི་རི་བོ་མཐོན་པོ”ཞེས་གྲགས། སྔར་ནས་ད་བར། གདང་ལའི་ཉེ་འགྲམ་དུ་གནས་པའི་རྒྱལ་ལམ་109ཡི་བདག་སྐྱོང་ཤར་བགྲོད་འགན་ལེན་ས་ཚིགས་དེ་ནི་འགྲོ་འོང་བྱེད་མཁན་གྱི་ཁ་ལོ་བ་དང་འགྲུལ་པའི“མཁོ་སྤྲོད་ས་ཚིགས”གལ་ཆེན་ཞིག་རེད།
རྒྱལ་ལམ་109ཡི་བདག་སྐྱོང་ཤར་བགྲོད་འགན་ལེན་ས་ཚིགས་སུ་གདང་ལ་བརྒལ་སྐབས་རྟག་ཏུ་ལ་དུག་དྲག་པོ་ཕོག་པ་སོགས་དཀའ་ངལ་འཕྲད་པའི་ཁ་ལོ་བ་དང་འགྲུལ་པ་ཡོང་གི་ཡོད། རྒྱལ་སྒོའི་གཡས་གཡོན་གཉིས་ནི་ཞབས་ཞུ་ཁུལ་དང་རོགས་སྐྱོབ་ས་ཚིགས་ཡིན་ཞིང་། རོགས་སྐྱོབ་ས་ཚིགས་ལ་ཁྱོན་ཁང་མིག་གཉིས་ཡོད་པ་དང་དེའི་ནང་ཉལ་ཁྲི་8བཞག་ཡོད་ལ་དེའི་འགྲམ་གྱི་ཆ་སྒམ་ནང་ད་དུང་མེ་ཐབ་དང་། སྨན་རྫས། གསོ་རླུང་བླུགས་སྣོད་སོགས་ཡོད། འགྲོ་འོང་བྱེད་མཁན་གྱི་ཁ་ལོ་བ་དང་འགྲུལ་པས་སྤྲད་པའི་གོས་དར་གྱང་ཐོག་ཏུ་བཀལ་ཡོད་པ་དེ་ལས་ལམ་དུ་འགྲུལ་བཞུད་བྱེད་མཁན་གྱི་ཁ་ལོ་བ་དང་འགྲུལ་པས་ལམ་སྐྱོང་ལས་བཟོར་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་གྱི་ཡོད།
འདི་ལོའི་ཟླ་8པའི་ཉིན་ཞིག་ལ། བདེ་དགའ་ལ་ཧོ་ནན་ཀྲེང་ཀྲོའུ་ནས་བསྐུར་བའི་ཐུགས་རྗེ་ཆེ་ཞུ་ཡིག་ཅིག་འབྱོར་ཞིང་། ཡི་གེ་བསྐུར་མཁན་དེ་སྦག་སྦག་བཞོན་ཏེ་བོད་དུ་ཡུལ་སྐོར་དུ་ཡོང་སྟེ་གདང་ལ་ནས་གོར་མོའི་མི་མེད་ཁུལ་དུ་སྐྱོད་སྐབས་གནམ་གཤིས་ཧ་ཅང་ཞན་པའི་དབང་གིས་འགྲོ་ལམ་བཞའ་ཚན་ཆེ་བས་འདྲེད་བརྡར་ཤོར་ནས་སྦག་སྦག་གི་ཁ་ལོ་བསྒྱུར་མ་ཐུབ་པར་གྲོག་རོང་དུ་ལྷུངས་བ་དང་བདེ་དགའ་སོགས་ཀྱིས་སྐོར་སྲུང་བྱེད་སྐབས་གནས་ཚུལ་དེ་ཤེས་ནས་དུས་ཐོག་ཏུ་རོགས་སྐྱོབ་བྱས། ཐུགས་རྗེ་ཆེ་ཞུ་ཡིག་གི་མཇུག་ཏུ། ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཚོས་ང་ལ་ཚེ་སྲོག་གཉིས་པ་སྦྱིན་བྱུང་ཞེས་བྲིས་ཡོད།
ལོ་ལྟར་མི་100ལྷག་ཙམ་ལ་རོགས་སྐྱོབ་བྱེད་ཀྱི་ཡོད་པས་ས་ཆ་འདི་གར་དྲོ་སྐྱིད་ལྡན་པའི་གཏམ་རྒྱུད་ཧ་ཅང་མང་པོ་ཡོད།
འདི་ལོ་ལོ་43ལ་སླེབས་པའི་བུ་དགའ་ནི“ལམ་སྐྱོང་མི་རབས་གཉིས་པ”ཡིན་ཞིང་། ཆུང་དུས་ནས་བདག་སྐྱོང་ལམ་དུམ་དུ་འཚར་ལོངས་བྱུང་བའི་བུ་དགའ་ཡི་དྲན་པའི་ཡོལ་བའི་ངོས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་གནས་པ་ནི་ཟས་ཀྲིན་ཡིན་ཞིང་། ཁོང་གིས “དེ་དུས་ང་ཚོའི་སྒོ་རའི་ནང་ཕྲུ་གུ་ཧ་ཅང་མང་པོ་ཡོད་པས་ཕ་མ་གཉིས་པོ་ཕྱིར་ལམ་བཟོ་བར་འགྲོ་སྐབས་དུས་ཐོག་ཏུ་ལོག་ཐུབ་ཀྱི་མེད། ཕྲུ་གུ་ཁྱུ་ཞིག་གིས་ལམ་འགྲམ་དུ་ཕ་མ་བསྒུགས་ནས་སྡོད་ཀྱི་ཡོད། དམག་དཔུང་གི་རླངས་འཁོར་སྐྱོད་སྐབས་ལག་པ་གཡུག་གཡུག་བྱས་ན། བཅིངས་འགྲོལ་དམག་མིས་ང་ཚོར་ཏན་ཞིམ་དང་ཟས་ཀྲིན་སྟེར་གྱི་ཡོད། དེ་ནི་ང་ཚོའི་བྱིས་དུས་ཀྱི་ཆེས་མཛེས་སྡུག་ལྡན་པའི་དྲན་འཆར་ཞིག་རེད”ཅེས་བརྗོད།
ལོ་70ཡི་རིང་། ལམ་སྐྱོང་ཏའོ་པན་གྱི་ལས་བཟོ་མི་རབས་མང་པོས་གཅིག་རྗེས་གཉིས་མཐུད་ངང་ས་བབ་མཐོ་ཤོས་སུ་ལས་གནས་བརྟན་སྲུང་བྱས་ཤིང་། ཁོང་ཚོས་ཚེ་སྲོག་ལ་བརྟེན་ནས་མཁའ་ལམ་བསྲུངས་ཡོད། “ལམ་གཉིས”ཀྱི་སྙིང་སྟོབས་དེ་ཁོང་ཚོའི་ངོས་ནས་བརྗོད་ན་མེས་པོའི་བཀའ་མངགས་ཇི་བཞིན་འགྲོ་ལམ་ཤར་བགྲོད་ཐུབ་ཆེད་ཚེ་གང་ལེགས་སྐྱེས་སུ་ཕུལ་ཡོད།