དོན་གྲུབ་ཆོས་འཕེལ་གྱིས་རྐུབ་སྟེགས་འཁོར་ལོའི་ཐོག་ནས་མི་ཚེའི་ཕུགས་བསམ་དོན་གཉེར་བྱས་པ།
“འབད་བརྩོན་བྱེད་པའི་ལོ་ཟླར་བློ་བདེ་བག་ཕེབས་ཀྱིས་སྡོད་མི་རུང་། བྱ་བ་འགའ་ཞིག་ནི་རེ་བ་མཐོང་རྗེས་གཞི་ནས་རྒྱུན་འཁྱོངས་བྱེད་པ་ཞིག་མ་ཡིན་པར། རྒྱུན་འཁྱོངས་བྱས་ཚེ་གཞི་ནས་རེ་བ་ལྡན་པར་འགྱུར་བ་ཡིན”ལོ་ན་གཞོན་པའི་དོན་གྲུབ་ཆོས་འཕེལ་ཉིན་ལྟར་རྐུབ་སྟེཌ་འཁོར་ལོ་དང་འགྲོགས་དགོས་ནའང། ཁོང་གིས་སློབ་སྦྱོང་བྱེད་པའི་ཧུར་སེམས་དང་གོམ་སྟབས་ལ་བཀག་འགོག་བྱེད་ཐུབ་མེད་ལ། དཀྱེལ་ཡངས་པའི་བསམ་པ་དང་འབད་འབུངས་ཧུར་བརྩོན་ལ་བརྟེན་ནས་དོན་གྲུབ་ཆོས་འཕེལ་གྱིས་རང་ཉིད་ཀྱི་ཕུགས་འདུན་རིམ་བཞིན་མངོན་འགྱུར་བྱས།
དོན་གྲུབ་ཆོས་འཕེལ་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་ཚོའི་ཚོགས་ཆུང་དང་པོ་ནས་ཡིན། ལོ་གཉིས་ལ་སླེབས་དུས་སྟབས་མ་ལེཌ་པར་ཚ་བ་རྒྱས་ནས་དབང་པོ་སྐྱོན་ཅན་དུ་གྱུར་པ་དང་། སྔ་རྗེས་སུ་སྨན་ཁང་མང་པོར་སྨན་བཅོས་བྱེད་པར་བསྐྱོད་ཀྱང་ཕན་མ་ཐོགས། རྒྱུན་རིང་བོར་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་དོན་གྲུབ་ཆོས་འཕེལ་གྱིས་སློབ་ཆུང་དང་དམའ་རིམ་སློབ་འབྲིང་སྐབས་ཕུལ་བྱུང་གི་སྦྱང་འབྲས་བླངས་ནས་ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གཉིས་པར་ཚུད། ཡིན་ཡང་གཟུགས་པོས་རྐྱེན་པས་སློབ་མཚམས་མི་འཇོག་ཀ་མེད་བྱུང་།
“སྐབས་དེ་དུས་ངས་རང་ཉིད་ལ་དབང་པོ་སྐྱོན་ཅན་ཡིན་ཡང་སློབ་སྦྱོང་བྱེད་མཚམས་འཇོག་མི་རུང་། ལག་རྩལ་སྣ་གཅིག་ལེགས་པར་སྦྱངས་ཏེ་རང་ཁ་རང་གསོ་ཐུབ་པར་བྱས་ནས་ཁྱིམ་ཚང་གི་ཁུར་པོ་ཡང་དུ་གཏོང་དགོས་ཞེས་ཡང་ཡང་བཤད་མྱོང་། བསམ་བློ་ཞིབ་ཏུ་བཏང་བ་བརྒྱུད་འཇམ་དབྱངས་གླིང་མི་རིགས་ལག་ཤེས་སློབ་གྲྭར་ཐང་ག་བཞེངས་སྟངས་སྦྱོང་བར་འགྲོ་རྒྱུའི་སེམས་ཐག་བཅད་པ་ཡིན” དད་སེམས་དེར་བརྟེན་ནས་དོན་གྲུབ་ཆོས་འཕེལ་གྱིས་སློབ་སྦྱོང་ལ་འབད་བརྩོན་ལྡབ་བརྒྱ་བྱས་པས་སྦྱངས་འབྲས་གཟེངས་སུ་ཐོན། རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཁོང་གིས་གཞན་ལ་མ་བརྟེན་པར་དཀའ་ངལ་སྣ་ཚོགས་ཁྱད་བསད་གང་ཐུབ་བྱས་པ་དང་། ཐང་ག་བཞེངས་སྟངས་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་ཁོང་ལ་སྔར་བྱུང་མྱོང་མེད་པའི་གདེང་ཚོད་སྐྱེས་ཏེ་རིམ་བཞིན་གྲུང་ཤ་དོད་པ་དང་། བག་ཡངས་པ། བློ་རྒྱ་ཆེ་བ་ཞིག་ཏུ་གྱུར།
འཇམ་དབྱངས་གླིང་མི་རིགས་ལག་ཤེས་སློབ་གྲྭར་ལོ་གཉིས་ལ་ཐང་ག་བཞེངས་སྟངས་སློབ་སྦྱོང་བྱས་རྗེས། དོན་གྲུབ་ཆོས་འཕེལ་གྱིས་ལྷ་སར་བོད་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་ལས་ཞུགས་གསོ་སྦྱོང་ལྟེ་གནས་སུ་ལོ་བཞིར་ཐང་ག་བཞེངས་སྟངས་སློབ་སྦྱོང་བྱས་པ་དང་། དེ་ནས་སློབ་མཐར་ཕྱིན་རྗེས་དགེ་རྒན་གྱི་རྗེས་འབྲངས་ནས་མུ་མཐུད་ལོ་གཅིག་ལ་སློབ་སྦྱོང་བྱས། 2015ལོ་ནས་བཟུང་། དོན་གྲུབ་ཆོས་འཕེལ་གྱིས་ལྷ་སར་ཚོད་ལྟའི་ངང་བྱ་གཞག་གཏོད་འགོ་ཚུགས་པ་དང་། ཁོང་གིས་བཞེངས་པའི་ཐང་ག་དང་པོ་དང་སྨྱན་སྦྱོར་གསར་པའི་བརྡ་ཁྱབ་ལ་གྲུབ་འབྲས་མི་དམན་པ་ཐོབ་ཡོད། དེའི་བརྒྱུད་རིམ་ནང་ཁོང་གིས་མཉམ་སྤྱོད་གློག་གསོག་འབོ་ལ་ལས་གཏོད་ཚོང་རྒྱག་གི་གོ་སྐབས་ཆེན་པོ་ལྡན་པ་ཤེས་ནས། མ་དངུལ་སྒོར་ཁྲི་4ལྷག་ཙམ་བཏང་སྟེ་གློག་གསོག་འབོ་40ཉོས་ནས་ཁྲོམ་རར་བཏོན་པར་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོན།
2023ལོའི་ཟླ་4པར་མལ་གྲོ་གུང་དཀར་རྫོང་དམངས་སྲིད་ཅུས་ཀྱི་རོགས་རམ་འོག་དོན་གྲུབ་ཆོས་འཕེལ་གྱིས་ཕ་ཡུལ་དུ་ལོག་ནས་བདེ་དགེ་ཐང་གའི་སྒྱུ་རྩལ་ལས་དོན་ཁང་བཙུགས། “རྫོང་དམངས་སྲིད་ཅུས་ཀྱིས་མ་དངུལ་སྒོར་ཁྲི་24བཏང་ནས་ང་རང་ལ་སྨི་ངོས་གྲུ་48ཡོད་པའི་ཚོང་ཁང་རིན་མི་དགོས་པར་མཁོ་འདོན་བྱས་པ་དང་རང་སོ་སོས་མ་དངུལ་སྒོར་ཁྲི་10བཏང་སྟེ་མཛེས་བཟོ་བྱས་པ་ཡིན། ལས་དོན་ཁང་སྒོ་ཕྱེ་བ་ནས་ད་བར་རྫོང་དམངས་སྲིད་ཅུས་དང་། ཡུལ་མི་སྤུན་མཆེད། ནང་མི་བཅས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་བྱུང་བས། སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་དོན་གྲུབ་ཆོས་འཕེལ་གྱིས་བཤད།
དོན་གྲུབ་ཆོས་འཕེལ་གྱི་དགེ་ཕྲུག་དཀོན་མཆོག་ཚུལ་ཁྲིམས་ད་ལོར་ལོ་19ལ་སླེབས་པ་དང་ནད་གཞིས་རྐྱེན་པས་ལག་གཉིས་ཀྱི་ཤ་གནད་འཁུམས་ཡོད། ཐང་ག་བཞེངས་པར་ལག་པ་འདར་སིག་མི་རྒྱག་པ་ཞིག་དགོས་པས། དོན་གྲུབ་ཆོས་འཕེལ་གྱིས་དཀོན་མཆོག་ཚུལ་ཁྲིམས་ལ་ལག་རྩལ་སློབ་པར་འགྲན་སློང་ཆེན་པོ་འཕྲད་ཡོད། ལྟ་ཞིབ་དང་མཛུབ་ཁྲིད་ཡང་ཡང་བྱས་པ་བརྒྱུད། དོན་གྲུབ་ཆོས་འཕེལ་གྱིས་དཀོན་མཆོག་ཚུལ་ཁྲིམས་ལ་གཙོ་བོ་ལག་ཤེས་ཐོན་རྫས་ཀྱི་རྒྱན་ཆ་སྦྱོར་སྟངས་སློབ་སྦྱོང་བྱེད་དུ་འཇུག་རྒྱུའི་བློ་ཐག་བཅད་པ་རེད།
“བུའི་གཟུགས་པོའི་གནས་ཚུལ་དེ་འདྲ་ཞིག་ཡིན་ནའང་ད་དུང་ལག་ཤེས་སྦྱངས་ཐུབ་པ་ནི་བསམ་ཡུལ་ལས་འདས་སོང་། དགེ་རྒན་དོན་གྲུབ་ཆོས་འཕེལ་གྱིས་བུའི་ཟས་གོས་སྡོད་གསུམ་གྱི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ཟླ་རེར་སྒོར་800སྤྲོད་ཀྱི་ཡོད་པ་དང་ཐང་ག་བཞེངས་རྩལ་ཡང་ཁྲིད་ཀྱི་ཡོད། དགེ་རྒན་ཡག་པོ་དེ་འདྲ་འཕྲད་སྐབས་ང་ཚོ་བསོད་ནམས་ཆེན་པོ་ཡིན་པ་ཚོར་གྱི་འདུག”ཅེས་དཀོན་མཆོག་ཚུལ་ཁྲིམས་ཀྱི་ཕ་ནོར་རྒྱལ་གྱིས་སེམས་འགུལ་ཐེབས་བཞིན་དུ་བཤད།
ད་ཆ་དོན་གྲུབ་ཆོས་འཕེལ་གྱིས་མལ་གྲོ་གུང་དཀར་རྫོང་དུ་ཚོང་ཁང་བཙུགས་པ་མ་ཟད། ད་དུང་དྲ་ཐོག་ནས་ཕྱིར་ཚོང་བྱེད་ཀྱི་ཡོད་པས་ལོ་གཅིག་ལ་ཡོང་འབབ་ཁེ་གཙང་སྒོར་ཁྲི་6རག་གི་ཡོད། འབྱུང་འགྱུར་གྱི་དམིགས་ཚད་སྐོར་གླེང་སྐབས། ཁོང་གིས“ལས་དོན་ཁང་རྒྱ་སྟོབས་ཆེ་རུ་བཏང་ནས་དབང་པོ་སྐྱོན་ཅན་ཚོར་ལས་གནས་དེ་བས་མང་བ་མཁོ་འདོན་བྱས་ཏེ་མཉམ་དུ་མི་ཚེའི་ཕུགས་འདུན་དོན་གཉེར་བྱ་རྒྱུ་ཡིན”ཞེས་བློ་རྩ་བརྟན་པོས་བཤད།