འགན་འཁྲི་འཁུར་ནས་ཕུགས་འདུན་མངོན་འགྱུར་བྱེད།
—— ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་བོད་ཤར་གཅེས་ནོར་ཆང་ལས་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་བ་ཆོས་མཚོའི་སྐོར་བཀོད་པ།
ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཡིན་པའི་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་བོད་ཤར་གཅེས་ནོར་ཆང་ལས་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ཆོས་མཚོའི་སྐོར་གླེང་སྐབས་ཚང་མས་བསྟོད་པའི་མེ་ཏོག་གཏོར་བཞིན་ཡོད།
ཆོས་མཚོ་ལོ་100ལྷག་ཙམ་གྱི་རྒུན་འབྲུམ་ཨ་རག་སྙོལ་བའི་ལོ་རྒྱུས་ལྡན་པའི་ཆབ་མདོ་ཚྭ་ཁ་ལྷོར་སྐྱེས། དེ་གར་རྒུན་འབྲུམ་གྱི་སྐྱེ་འཚར་ལེགས་པས་དུད་ཚང་ཚང་མས་རྒུན་འབྲུམ་ཨ་རག་སྙོལ་བཞིན་ཡོད། ཕ་ཡུལ་གྱི་རྒུན་འབྲུམ་ཨ་རག་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ལ་ཁྱབ་གདལ་གཏོང་ཆེད། དེ་སྔ་གཞུང་ལས་པ་ཡིན་པའི་ཆོས་མཚོས་2014ལོར་ལས་དགོངས་ཞུས་ནས་སྨར་ཁམས་རྫོང་ཚྭ་ཁ་ལྷོ་འཇང་མི་རིགས་ཤང་དུ་ལོག
ད་ལོ་ཆོས་མཚོ་རྒུན་འབྲུམ་ཨ་རག་ལས་རིགས་ནང་ཞུགས་ནས་ལོ་9འགྲོ་ཡི་ཡོད། ཁོང་གིས་རང་ཉིད་ཀྱི་འབད་བརྩོན་བརྒྱུད་ཐོག་མའི་ཕུགས་འདུན་མངོན་འགྱུར་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།
ལོ་9ཡི་རིང་། ཆོས་མཚོར་ཐུགས་རྗེ་ཆེ་ཞུ་མཁན་བགྲང་ལས་འདས་མོད། འོན་ཀྱང་ཁོང་གིས་སྔ་ཕྱི་བར་གསུམ་དུ་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་ཡུལ་མི་བུ་ཕྲུག་ཚོར་ཞབས་འདེགས་ཞུ་རྒྱུ་ནི་རང་ཉིད་ཀྱིས་འཁུར་འོས་པའི་འགན་འཁྲི་ཞིག་ཡིན་ཞེས་བརྗོད་ཀྱི་ཡོད།
ལོ་དེ་དག་ནང་ཆོས་མཚོས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཀུང་སིའི་ལས་དོན་ཁག་གི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ད་བར་བོད་རིགས་དང་། འཇང་རིགས། རྒྱ་རིགས། པའེ་རིགས། མན་ཇུ་རིགས་སོགས་མི་རིགས་8ཀྱི་ལས་བཟོ་32ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད།
ཆོས་མཚོའི་ལས་རོགས་བློ་བཟང་ལྷ་མཚོས། ཨ་ཅག་ཆོས་མཚོ་སེམས་རྩ་འཁོལ་ཞིང་ལས་ཀ་ཞིབ་ཚགས་སྒྲུབ་མཁན་ཞིག་ཡིན། ཐེངས་ཤིག་ཁོང་གིས་ཀུང་སིའི་མི་རིགས་གཞན་པའི་བུ་མོ་ཞིག་ཁྱིམ་དུ་དུས་ཆེན་གཏོང་བར་སྐྱོད་ཐུབ་མེད་པ་ཤེས་རྗེས་ཀུང་སིའི་གྲངས་ཉུང་མི་རིགས་ཀྱི་ལས་རོགས་ཚང་མའི་དུས་ཆེན་ཟིན་ཐོར་བཀོད་ནས་ལས་རོགས་སུས་དུས་ཆེན་བཏང་ནའང་ཁོང་གིས་བྱེད་སྒོ་ཆུང་ཆུང་ཞིག་སྒྲིག་འཛུགས་བྱས་ཏེ་ཁོང་ཚོས་ཁྱིམ་ཚང་ལྟ་བུའི་དྲོ་སྐྱིད་ཚོར་ཐུབ་པ་བྱེད་ཀྱི་ཡོད་ཅེས་བརྗོད།
ཆོས་མཚོས་ཁེ་ལས་ཤིག་ཡུན་རིང་གནས་དགོས་ན་ངེས་པར་དུ་སྤྱི་ཚོགས་ལ་དྲིན་ལན་འཇལ་བའི་འགན་འཁྲི་འཁུར་དགོས་ལུགས་གསལ་པོ་ཤེས་ཀྱི་ཡོད། དེར་བརྟེན་ཁོང་གིས་2016ལོར་བདག་དམར་གཡང་གི་དབུལ་སྒྲོལ་རྩ་འཛུགས་བཙུགས་པ་དང་། ཁེ་ལས་དང་། མཐུན་ཚོགས། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་རྣམ་པ་བརྒྱུད། ལྷོ་རྒྱུད་ཤང་གསུམ་གྱི་མང་ཚོགས་ལ་རྒུན་འབྲུམ་མུའུ་1000ལྷག་ཙམ་འདེབས་འཛུགས་བྱ་རྒྱུར་སྐུལ་ཁྲིད་བྱས་པ་རེད། ལོ་ཁ་ཤས་ནང་ཆོས་མཚོ་གནས་སའི་བོད་ཤར་གཅེས་ནོར་ཆང་ལས་ཚད་ཡོད་ཀུང་སིས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་མང་ཚོགས་གནས་སྐབས་ལས་མིར་བསྡུས་པ་དང་། རིམ་རྩིས་བརྒྱབ་ན་དབུལ་སྐྱོར་འགྲོ་གྲོན་སྒོར་ཁྲི་1500ལྷག་ཙམ་བཏང་ཡོད་པ་རེད།
ཤེས་བྱས་ལས་དབང་ལ་འགྱུར་ལྡོག་གཏོང་ཐུབ་ཀྱི་ཡོད་པས། མཐོ་རིམ་སློབ་གསོ་ཐོབ་མྱོང་བའི་ཆོས་མཚོས་ཀྱང་སློབ་གསོའི་གལ་ཆེའི་རང་བཞིན་གསལ་པོ་ཤེས་ཀྱི་ཡོད། དེར་བརྟེན་ཁོང་གིས་ཕྱོགས་ཁག་གི་སྟོབས་ཤུགས་མཐུན་སྦྱོར་ཧུར་ཐག་བྱས་ནས་སློབ་གསོའི་དབུལ་སྐྱོར་རྣམ་གྲངས་འཛུགས་པ་དང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད། སློབ་མ་དབུལ་པོར་སློབ་གསོར་བརྟེན་ནས་ལས་དབང་ལ་འགྱུར་ལྡོག་གཏོང་རྒྱུའི་ལྕག་སྐུལ་བྱེད་བཞིན་ཡོད།
2015ལོ་ནས་བཟུང་། ཆོས་མཚོས་ལོ་ལྟར་ཚྭ་ཁ་ལྷོ་སློབ་ཆུང་ལ་བདག་དམར་གཡང་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་སྤྲོད་ཀྱི་ཡོད། 2016ལོ་ནས་བཟུང་སློབ་གྲྭ་འགྲིམ་མུས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་མ་3ལ་ལོ་ལྟར་སྒོར་ཁྲི་6སྤྲོད་ཀྱི་ཡོད། དུས་མཚུངས་སུ་ཆོས་མཚོས་ད་དུང་ཀྲི་པུའི་ཏང་ཡོན་དང་སློབ་མའི་དབར་ཆ་སྒྲིག་རོགས་སྐྱོར་བྱ་རྒྱུའི་སྐུལ་སློང་བྱས་ཏེ་གཅིག་གཏད་གཅིག་གི་ཐོག་ནས་རྒྱུད་རོགས་ཁྲིད་གསུམ་དང་དོགས་གནད་བསལ་ཏེ་ཆུང་དུས་ནས་སློབ་སྦྱོང་ཡག་པོ་བྱེད་པའི་ས་བོན་གྱི་མྱུ་གུ་ཕྲུ་གུའི་སེམས་ནང་བཏབ་ཡོད།
ལོ་9ཡི་རིང་ཆོས་མཚོས་བློ་རྩེ་གཅིག་སྒྲིམ་གྱིས་ཁེ་ལས་ལ་དོ་དམ་བྱས་པ་མ་ཟད། ད་དུང་རྒུན་འབྲུམ་ཨ་རག་སྙོལ་བཟོའི་ཤེས་བྱར་བརྩོན་ཞིབ་བྱས་ཏེ་ཕ་ཡུལ་གྱི་རྒུན་འབྲུམ་ཨ་རག་མེས་རྒྱལ་གྱི་ས་ཕྱོགས་གང་སར་ཁྱབ་གདལ་བཏང་ཡོད། ཆོས་མཚོས་ས་མཐོའི་རྒུན་འབྲུམ་ཨ་རག་དེ་བས་མཐོ་བའི་ལས་སྟེགས་སུ་ཁྱབ་གདལ་བཏང་སྟབས། བདག་དམར་གཡང་ཞེས་པའི་སྤུས་རྟགས་དེ་ཀྲུང་གོའི་རྒུན་འབྲུམ་ཨ་རག་ཁྲོམ་རར་སྐད་གྲགས་ཆོད་ཚད་ཆེ་རུ་ཕྱིན་པ་དང་ཆབས་ཅིག མི་དེ་བས་མང་བས་བོད་ཀྱི་ཁྱད་ཆོས་ལྡན་པའི་ཡུལ་སྲོལ་གོམས་གཤིས་ལ་མྱོང་རོལ་ཐུབ་པར་བྱས་ཡོད། ཆོས་མཚོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིར་བདམས་ཐོན་བྱུང་བ་ནི་རྩ་འཛུགས་དང་ཏང་ཡོན་གྱིས་ང་ལ་ཡིད་ཆེས་བྱས་པ་ཞིག་དང་སླད་ཕྱིན་ངའི་ལས་ཀར་ལྕག་སྐུལ་བྱས་པ་ཞིག་ཀྱང་རེད། སླད་ཕྱིན་ངས་མུ་མཐུད་འབད་བརྩོན་བྱས་ཏེ་སྤྱི་དབང་མིན་པའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས་ཆབ་མདོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད།