ལྷུན་རྩེ་རྫོང་གིས“གཉལ་གཞུང་བུམ་པའི”སྤུས་ལེཌ་བཞོན་མ་ནག་ཁྲའི་འགྲན་བསྡུར་བྱེད་སྒོ་སྐབས་བདུན་པ་སྤེལ་བ།
ཉེ་ཆར། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས“གཉལ་གཞུང་བུམ་པའི”སྤུས་ལེགས་བཞོན་མ་ནག་ཁྲའི་འགྲན་བསྡུར་བྱེད་སྒོ་སྐབས་བདུན་པ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ལྷུན་རྩེ་གྲོང་རྡལ་དང་། རི་ཐང་གྲོང་རྡལ། རི་རོང་ཤང་། གཉལ་སྨད་ཤང་། བྱ་ཡུལ་ཤང་སོགས་ཤང་དང་གྲོང་རྡལ་གྱི་མང་ཚོགས་ཚོས་བཞོན་མ་ཁྲིད་དེ་འགྲན་བསྡུར་ལ་ཞུགས་ཡོད། ཞིབ་དཔྱད་པས་རྒྱུད་པ་ལེགས་བཅོས་ཀྱི་བཞོན་མའི་ཤེད་མ་དང་། སྤུ་མདོག འོ་མའི་ཐོན་ཚད་སོགས་ལ་གཞིགས་ནས་ཕྱོགས་བསྡུས་སྐར་མ་བརྒྱབ་ཅིང་། མཐར་ལྷུན་རྩེ་རྫོང་སྐྱ་ལོག་གྲོང་ཚོའི་གྲོང་མི་པད་མ་རྡོ་རྗེའི་ཁྱིམ་གྱི་བཞོན་མར་ཕྱོགས་བསྡུས་གྲུབ་འབྲས་ཨང་དང་པོའི་ཐོག་ནས་བྱ་དགའ་ཨང་དང་པོ་ཐོབ་པ་རེད།
ད་ཐེངས་ཀྱི་བྱེད་སྒོའི་དམིགས་ཡུལ་ནི་བ་གླང་གི་རྒྱུད་པ་ལེགས་བཅོས་ལག་རྩལ་ཁྱབ་གདལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་གཏོང་བ་དང་། མང་ཚོགས་ཀྱི་བཞོན་མ་གསོ་ཚགས་ཀྱི་ཧུར་བརྩོན་རང་བཞིན་འཕེལ་བར་བྱེད་པ། མང་ཚོགས་ཀྱི་ཐོན་འཕར་འབབ་འཕར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལྷུན་རྩེའི“ནག་བཞིའི”ཁྱད་ལྡན་ཞིང་འབྲོག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།