2024ལོའི་གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཀྱི་ཚོད་སྐོར་ནུས་པའི་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
ཟླ་10ཚེས་14ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཤའོ་ཅེ་པེ་ཅིང་དུ་2024ལོའི་གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཀྱི་ཚོད་སྐོར་ནུས་པའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་ནས་གཙོ་དོན་གཏམ་བཤད་གནང་བ་རེད།
ཤའོ་ཅེ་ཡིས་ཀྲུང་གོས་སྤྱི་པའི་སྲིད་ཇུས་ཚོད་སྐོར་དེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། འདུ་ཤེས་ལ་ཁྲིད་སྟོན་དང་ལམ་ལུགས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ཚོད་སྐོར་ལག་ལེན་རྒྱ་ཁྱབ་ངང་སྤེལ་བས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་པའི་སྲིད་ཇུས་ཚོད་སྐོར་མ་ལག་རགས་ཙམ་ཆགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི་སྒྲོམ་གཞིའི་འོག་ཕྱོགས་ཁག་དང་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། རྒྱལ་ཁབ་ཁག་གི་རྒྱལ་བབ་དང་འཚམ་པའི་ཚོད་སྐོར་མ་ལག་འཛུགས་པ་དང་། ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་མཉམ་ལས་བཅས་བྱས་ནས་རྒྱལ་ཁབ་ཁག་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་བྱ་གཞག་ལ་འདེགས་སྐྱོར་ནུས་ལྡན་བྱེད་འདོད་ཡོད་ཅེས་བརྗོད།
ཤའོ་ཅེ་ཡིས་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་ཡི་ཧྲུའུ་ཀྲང་ཧྲི་ཐའེ་ནཱ་དང་མཇལ་འཕྲད་གནང་བ་དང་འབྲེལ་ཚོགས་ཞུགས་ཕྱི་ཕྱོགས་ཀྱི་མཐོ་རིམ་འཐུས་མི་དང་ཡང་མཇལ་འཕྲད་གནང་བ་རེད།
ད་ཐེངས་ཀྱི་ཚོགས་འདུ་ནི་རྒྱལ་ཁབ་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཧྲུའུ་དང་མཉམ་འབྲེལ་རྒྱལ་ཚོགས་གསར་སྤེལ་འཆར་འགོད་ཧྲུའུ་ཡིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་ཡིན་ཞིང་། དེའི་བརྗོད་དོན་གཙོ་བོ་ནི“དང་ལེན་རྣམ་པའི་ཚོད་སྐོར། སྲིད་གཞུང་གི་ཐབས་ཇུས་ལ་རམ་འདེགས་དང་། བསྟུན་མཁས་ཞི་མཐུན་ལ་སྐུལ་འདེད། འབྱུང་འགྱུར་འཕེལ་རྒྱས་ལ་སྣེ་ཁྲིད་བཅས་བྱེད་དགོས་པ”དེ་རེད།