ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་ཀྱི་ནང་དོན་གཙོ་བོ་ཤེས་པར་བྱེད།
《གཏན་འབེབས》ནང་བཏོན་པའི“རྣམ་པ་བཞི” ཞེས་པ་དེ་གང་ཡིན་ནམ།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་། “ལྟ་སྐུལ་དང་སྒྲིག་སྒྱུར་གྱི‘རྣམ་པ་བཞི’བེད་སྤྱོད་གཏིང་ཟབ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་ཀྱི་སློབ་གསོའི་གཅུན་འདོམས་དང་འགན་སྲུང་སྐུལ་སློང་གི་ནུས་པ་ཕྱོགས་བསྡུས་ཐོག་འདོན་དགོས”ཞེས་བཏོན་ཡོད།
◆ འདོན་པའི་དུས་ཚོད།
2023ལོའི་ཟླ་12ཚེས་19ཉིན། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ཡོངས་བསྒྲགས་བྱས་ཤིང་། དེའི་དོན་ཚན་ལྔ་པའི་ནང“ལྟ་སྐུལ་དང་སྒྲིག་སྒྱུར་གྱི‘རྣམ་པ་བཞི’བེད་སྤྱོད་གཏིང་ཟབ་བྱེད་དགོས”ཞེས་བཏོན་ཡོད།
◆ འབྲེལ་ཡོད་ནང་དོན།
རྣམ་པ་དང་པོ། ཏང་ནང་ཁུལ་གྱི་འབྲེལ་བ་རྒྱུན་གཏན་ཅན་དུ་འགྱུར་བར་བྱེད་པ་དང་། རྒྱུན་དུ་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་ཏེ་དྲན་སྐུལ་རྣ་ཅོག་བསུན་བསུན་དང་སྐྱོན་བརྗོད་རྔུལ་ནག་ཤོར་ཤོར་བྱེད་པ་རྒྱུན་རྣམ་ཅན་དུ་འགྱུར་བར་བྱེད་དགོས་ཤིང་། ཞིབ་ཕྲའི་བྱེད་ཐབས་ལ་དྲན་སྐུལ་གླེང་མོལ་དང་། ཉེན་ཟོན་གླེང་མོལ། སྐྱོན་བརྗོད་སློབ་གསོ། ངག་ཐོག་གམ་ཡིག་ཐོག་ནས་སྐྱོན་ཞིབ་བྱེད་དུ་འཇུག་པ། སྒྲིག་འགལ་བྱེད་སྤྱོད་ཡོ་བསྲང་ངམ་ཡང་ན་མཚམས་འཇོག་བྱེད་དུ་འཇུག་པ་སོགས་ཚུད་ཡོད།
རྣམ་པ་གཉིས་པ། ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཡང་མོ་གཅོད་པ་དང་རྩ་འཛུགས་ཀྱི་ཐག་གཅོད་བྱེད་པ་དེ་མང་ཆེ་བར་འགྱུར་བར་བྱེད་དགོས་ཤིང་། ཞིབ་ཕྲའི་བྱེད་ཐབས་ལ་ཏང་ནང་གི་ཐ་ཚིག་སྒྲོག་པ་དང་ཏང་ནང་གི་ཐ་ཚིག་ནན་པོ་སྒྲོག་པ་སོགས་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ཡང་བ་དང་དེ་བཞིན་ཐ་ཚིག་སྒྲོག་པ་དང་། སྐྱོན་ཐོ་འགོད་པ། སྐྱོན་ཆེན་ཐོ་འགོད། རིམ་པ་འབེབས་པ་སོགས་སྲིད་དོན་གྱི་ཆད་པ་ཡང་བ་ཚུད་པ་མ་ཟད། ད་དུང་ལས་གནས་མཚམས་འཇོག་དང་། གོ་གནས་ལེགས་སྒྲིག གོ་གནས་འཐེན་པ་སོགས་རྩ་འཛུགས་ཀྱི་ཐག་གཅོད་ཀྱང་ཚུད་ཡོད།
རྣམ་པ་གསུམ་པ། སྒྲིག་འགལ་ཚབས་ཆེན་ལ་ཆད་པ་ལྕི་མོ་གཅོད་པ་དང་གོ་གནས་ལེགས་སྒྲིག་ཆེན་པོ་བྱེད་པ་དེ་ཉུང་ཤས་ཡིན་དགོས་ཤིང་། ཞིབ་ཕྲའི་བྱེད་ཐབས་ལ་ཏང་ནང་གི་གོ་གནས་མེད་པ་བཟོ་བ་དང་། ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པ། ཏང་གི་སྐྱིད་སྡུག་ནས་འབུད་པ་སོགས་ཀྱི་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་ལྕི་མོ་དང་དེ་བཞིན་གོ་གནས་མེད་པ་བཟོ་བ་དང་ཕྱིར་འབུད་བྱེད་པ་སོགས་སྲིད་དོན་གྱི་ཆད་པ་ལྕི་མོ་ཚུད་ཡོད་པ་མ་ཟད། ད་དུང་གོ་གནས་འབེབས་པ་དང་། གདན་ཞུ་མཚམས་འཇོག་བྱེད་པ། ངལ་རྩོལ་གན་རྒྱ་མེད་པར་བཟོ་བ་སོགས་ཀྱང་ཚུད་ཡོད།
རྣམ་པ་བཞི་པ། སྒྲིག་འགལ་ཚབས་ཆེན་དང་ཁྲིམས་འགལ་དོགས་ཡོད་ཀྱི་གྱོད་དོན་ཐོ་འགོད་ཞིབ་བཤེར་བྱེད་རིགས་ནི་ཆེས་ཉུང་ཤས་ཡིན་དགོས་ཤིང་། ཞིབ་ཕྲའི་བྱེད་ཐབས་ལ་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྱོད་དོན་ཐོ་འགོད་བྱས་ནས་ཞིབ་བཤེར་བྱས་རྗེས་ཁྲིམས་འཛིན་ལས་ཁུངས་ལ་རྩིས་སྤྲོད་རྒྱུ་དང་། ཁྲིམས་འཛིན་ལས་ཁུངས་ཀྱིས་ཉེས་ཆད་བཅད་རྗེས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ལ་རྩིས་སྤྲད་དེ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་གཅོད་པ་ཚུད་ཡོད།