“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་བཏང་ནས་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་རྒྱག་དགོས།
རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་འཛིན་བྱས་ཏེ་ཕྱོགས་ཁག་གི“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་གཏོང་བར་ཁྲིད་སྟོན་མཐའ་གཅིག་ཏུ་བྱས་ནས་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་རྒྱག་པ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྟོབས་ཆེར་ཟམ་མི་ཆད་པར་གཏོང་བ་དང་དུས་རབས་ཀྱི་མདུན་གྲལ་དུ་མུ་མཐུད་སྐྱོད་བཞིན་ཡོད།
“‘ཧྲང་ཧའེ་ཡི་སྙིང་སྟོབས’དར་སྤེལ་གཏོང་བ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་བྱ་སྤྱོད་སྤེལ་བཞིན་ཡོད”ཅེས་པ་ནི་ད་ལོའི་ཟླ་7པར་ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྗེས་བཏོན་པའི་སྐད་གསང་མཐོ་བའི་འབོད་ཚིག་ཅིག་རེད། འབོད་ཚིག་དེའི་ཐོག་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས“སྟོང་བཤད་ཁང”མི་བྱེད་པར་བྱ་སྤྱོད་སྤེལ་མཁན་ཞིག་བྱ་རྒྱུ་ཡིན་པ་གསལ་པོ་མཚོན་ཡོད། མིག་སྔར་ཀྲུང་གོ་ཕྱོགས་ཀྱིས་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་ཚོགས་འདུ་དང་བྱེད་སྒོ་ཁག་100ལྷག་ཙམ་འཚོག་རྒྱུ་དང་དངོས་དངོས་རྗེན་རྗེན་གྱི་བྱ་སྤྱོད་ཐོག་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་སྟེ་དེ་བས་ཟབ་པའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་རྒྱུ་རེད།
ཀྲུང་གོ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་གསར་གཏོད་བྱེད་མཁན་ཁོངས་མིའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཐོག་མཐའ་བར་གསུམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་ཕྱི་འབྲེལ་གྱི་སྔོན་སྒྲུབ་ཁ་ཕྱོགས་སུ་བརྩི་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོའི་ཟླ་7པར“ཧྲང་ཧའེ་མཉམ་ལས་རྩ་འཛུགས+”ཡི་ཨ་སི་ཐ་ནའི་དབུ་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་ནས་མཐུན་སྒྲིལ་དང་ཕན་ཚུན་ཡིད་ཆེས་དང་། ཞི་བདེ་ལྷིང་འཇགས། དར་རྒྱས་གོང་འཕེལ། ཁྱིམ་མཚེས་མཛའ་མཐུན། གཞུང་དྲང་དྲང་བདེན་བཅས“ཐུན་མོང་གི་ཁྱིམ་གཞིས་ལྔ”བསྐྲུན་རྒྱུ་བཏོན་ཏེ་ལག་གདང་སྦྲེལ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་འཆར་འགོད་གསར་པ་འདིང་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་སྐྱེ་སྟོབས་ཧ་ཅང་ཆེན་པོ་རྒྱུན་འཁྱོངས་ཐུབ་པའི་རྩ་བའི་རྒྱུ་རྐྱེན་ནི“ཧྲང་ཧའེ་ཡི་སྙིང་སྟོབས”ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བས་རེད། ཀྲུང་གོ་ཕྱོགས་ཀྱིས་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རྗེས་རྩ་འཛུགས་འདིའི་རོགས་ཟླ་དང་མཐུན་སྒྲིལ་རོགས་ལས་དང“ཧྲང་ཧའེ་ཡི་སྙིང་སྟོབས”ལ་མོས་སེམས་བྱེད་མཁན་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་དེ་བས་མང་བ་དང་ལག་གདང་སྦྲེལ་ནས་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་མདུན་ལམ་སྔར་བས་འོད་སྟོང་ལྡན་ལ་རེ་བས་ཁེངས་པ་ཞིག་ཡོང་བ་བྱ་རྒྱུ་དེ་ཡིན་ཞེས་ཁ་གསལ་བསྟན་ཡོད།
དེང་རབས་ཅན་མངོན་འགྱུར་བྱེད་པ་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་ཐུན་མོང་གི་དམིགས་ཡུལ་ཡིན། ཀྲུང་གོ་ཕྱོགས་ཀྱིས་2025ལོ་དེ“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལོར”གཏན་འཁེལ་བྱས་ནས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོའི་ཁྱབ་ཁོངས་གལ་ཆེན་བརྒྱད་ནང་མཉམ་ལས་དང་བྱ་སྤྱོད་རབ་དང་རིམ་པ་སྤེལ་ཏེ་ཚོང་དོན་མ་འཇོག་དང་། ནུས་རྒྱུ། གྲངས་འཛིན་དཔལ་འབྱོར། དེང་རབས་ཞིང་ལས། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཆུ་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དེ་ས་ཁུལ་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་སྤུས་ཚད་མཐོ་བའི་འབྲེལ་མཐུད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ས་ཁུལ་དང་རྒྱལ་ཁབ་ཀྱིས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་རམ་འདེགས་བྱེད་དགོས་པའི་གྲོས་འགོ་འདོན་རྒྱུ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་ནི་དེང་སྐབས་འཛམ་གླིང་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་ཤིག་ཡིན་ལ། མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་རིང་། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་80དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་80འཁོར་བ་དང་ཟུང་འབྲེལ་གྱིས་དབུ་ཚོགས་ཀྱི་བསྒྲགས་གཏམ་སྤེལ་བ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཐུན་མོང་གི་འབོད་སྒྲ་བསྒྲགས་ནས། གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་རེད།
“མཐུན་སྒྲིལ་རོགས་ལས་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་ཞིག་ཡིན་ལ། རྒྱང་ལམ་གསར་པར་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་རྣམ་པ་གསར་པ་གཏོད་པའི་ལྡོག་མེད་ཀྱི་གདམ་ག་ཞིག་ཀྱང་ཡིན” འགྱུར་ལྡོག་ཆེན་པོ་འགྲོ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། ཕྱོགས་ཁག་གིས“ཧྲང་ཧའེ་ཡི་སྙིང་སྟོབས”དར་སྤེལ་གཏོང་བར་ཁྲིད་སྟོན་མཐའ་གཅིག་ཏུ་བྱེད་པ། མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་རྒྱག་པ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་། བརྟན་ལྷིང་། འཕེལ་རྒྱས། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་རེད།