“ཧོང་ཀྲུང་རྒྱལ་ཁབ་གཉིས་པོའི་འབྱུང་འགྱུར་གྱི་ཆུ་ཐོན་ཐོན་རྫས་ཚོང་དོན་ལ་ང་ཚོས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”
ཚེས་13ཉིན། ཀྲུང་གོར་བཅའ་སྡོད་ཧོང་ཏུ་ར་སིའི་གཞུང་ཚབ་ཆེ་མོ་བ་སར་ཝ་ཏུའོ·མོང་ཁ་ཏ་པེ་ཅིང་གི་སྒོ་རྩིས་ཚོང་ཁང་ཞིག་ཏུ་ཧོང་ཏུ་ར་སིའི་ཁྱད་ལྡན་ཐོན་རྫས(ཤྭ་སྨི་དཀར་པོ)འགྲེམས་སྟོན་འོས་སྦྱོར་ཚོགས་འདུར་ཞུགས་པ་དེ་ཐོག་ནས་ཧོང་ཏུ་ར་སིའི་ཤྭ་སྨི་དཀར་པོ་ཀྲུང་གོའི་ཁྲོམ་རར་དངོས་སུ་བཏོན་ནས་ཀྲུང་གོའི་འཛད་སྤྱོད་པར་ཕྱིར་ཚོང་བྱས་པ་མཚོན་གྱི་ཡོད།
ཉིན་ཤས་གོང་། མཚོ་ཐོག་ནས་དབོར་འདྲེན་ཟླ་བ་གཉིས་ལྷག་ཙམ་བྱས་པ་བརྒྱུད། ཧོང་ཏུ་ར་སིའི་ཁག་དང་པོའི་ཀྲུང་གོར་དབོར་འདྲེན་བྱས་པའི་ཤྭ་སྨི་དཀར་པོའི་དོས་སྒམ་དང་པོ་དེ་ཀོང་ཏུང་ཀྲེན་ཅང་གྲུ་ཁར་འབྱོར་བ་དང་དོས་སྒམ་གཉིས་པ་ཐེན་ཅིན་གྲུ་ཁ་གསར་པར་དབོར་ཞིང་། ཤྭ་སྨི་དཀར་པོ་དེ་དག་ནི་ཧོང་ཏུ་ར་སིའི་ཤཱ་སྨི་ལས་རིགས་ཀུང་སིའི“ལྷོ་ཕྱོགས་ཤྭ་སྨི”རེད།
ད་ལོའི་ཟླ་7པར། ཀུང་སི་དེས་ཀྲུང་གོར་ཕྱིར་གཏོང་བྱེད་པའི་དངོས་ཟོག་ཐོག་མ་དེ་བཏང་ཡོད། “དོས་སྒམ་གཉིས་ཀྱི་ལྗིད་ཚད་ལ་ཏུན་36འདུག ང་ཚོའི་ཤྭ་སྨི་དཀར་པོར་ཀྲུང་གོའི་འཛད་སྤྱོད་པའི་ཁས་ལེན་དང་དགའ་བསུ་ཐོབ་པའི་རེ་བ་ཡོད”ཅེས“ལྷོ་ཕྱོགས་ཤྭ་སྨི”ཀུང་སིའི་འགན་འཁུར་བ་ཏེ་ཨན་ནཱ·པོ་ཉི་ལས་གསར་འགོད་པར་བརྗོད།
ད་ལོའི་ཟླ་5པར། “ལྷོ་ཕྱོགས་ཤྭ་སྨི”ཀུང་སིའི་གདན་ཞུས་ལྟར་ཀྲུང་གོའི(ཧྥུའུ་ཀྲོའུ)རྒྱལ་སྤྱིའི་ཉ་ལས་དངོས་མང་སྟོན་ཚོགས་ཐོག་ཤྭ་སྨི་དཀར་པོ་སོགས་ཆུ་ཐོན་ཐོན་རྫས་སྤུས་ལེགས་འགྲེམས་སྟོན་བྱས་ཡོད། པོ་ཉི་ལས“ད་ཐེངས་འགྲེམས་སྟོན་ནང་ཞུགས་པ་ལས་ང་ཚོས་ཀྲུང་གོའི་ཁྲོམ་རར་སྔར་བས་ཤེས་རྟོགས་ཐུབ་བྱུང་ལ། མངོན་མེད་ཀྱི་མཁོ་མཁན་ཡང་སྔོག་འདོན་ཐུབ་བྱུང”ཞེས་བརྗོད། ཡང་ཁོང་གིས་ད་ཐེངས་ཀྱི་འགྲེམས་ཚོགས་ཐོག“ལྷོ་ཕྱོགས་ཤྭ་སྨི”ཀུང་སི་དང་ཀྲུང་གོའི་མཁོ་མཁན་དབར་ཤྭ་སྨི་དཀར་པོ་ཕྱིར་ཚོང་གི་གན་རྒྱ་བཞག་པ་དང་། ད་ཐེངས་ཕྱིར་གཏོང་བྱས་པའི་ཤྭ་སྨི་དཀར་པོ་ནི་གན་རྒྱའི་ནང་གི་ཐོན་ཟོག་ཁག་དང་པོ་དེ་རེད་ཅེས་བརྗོད།
ཀྲུང་གོ་ནི་འཛམ་གླིང་ཐོག་གི་མཚོ་ཟས་འཛད་སྤྱོད་རྒྱལ་ཁབ་ཆེ་ཤོས་ཀྱི་གྲས་ཤིག་ཡིན་ཞིང་། མིག་སྔར་ཧོང་ཏུ་ར་སིའི་ཤྭ་སྨིའི་གསོ་སྤེལ་གཞི་ཁྱོན་སྤྱི་ཆིང་ཁྲི་2.5ཙམ་ཟིན་ཡོད། རང་མོས་ཚོང་དོན་གྲོས་ཆོད་ཀྱི་དུས་འགོའི་གྲུབ་འབྲས་སྐོར་གྱི་ཀྲུང་ཧོང་གི་བཀོད་སྒྲིག་གིས་ཤྭ་སྨི་དཀར་པོ་ཀྲུང་གོར་དབོར་འདྲེན་བྱེད་པར་ཆ་རྐྱེན་བསྐྲུན་པ་དང་ཤྭ་སྨི་དཀར་པོ་སྤུས་ལེགས་ཀྲུང་གོར་དབོར་འདྲེན་བྱེད་པ་དེ་ཀྲུང་ཧོང་ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་གལ་ཆེན་ཞིག་ཏུ་གྱུར་ཡོད།
“ཧོང་ཏུ་ར་སིའི་ཤྭ་སྨི་དཀར་པོའི་བྲོ་བ་དང་། ཁ་དོག ཤ་སྤུས་བཅས་ཧ་ཅང་ཡག་པོ་འདུག དེའི་ཐོན་འབོར་ས་ཁུལ་གྱི་ཕྱིར་གཏོང་རྒྱལ་ཁབ་གཞན་དག་གི་ཐོན་འབོར་དང་བསྡུར་ན་དེ་ཙམ་མང་པོ་མེད་ཀྱང་ང་ཚོའི་ཐོན་རྫས་ལ་འགྲན་རྩོད་ནུས་པ་ཆེན་པོ་ལྡན་ཡོད། ཧོང་ཏུ་ར་སིས་གོ་སྐབས་དམ་འཛིན་བྱས་ནས་ཀྲུང་གོའི་ཁྲོམ་ར་གསར་འབྱེད་ཧུར་ཐག་བྱ་རྒྱུ་ཡིན”ཞེས་ཧོང་ཏུ་ར་སིའི་རྒྱལ་ཡོངས་ཆུ་ཐོན་ཐོན་རྫས་གསོ་སྤེལ་མཐུན་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ཧ་ཝུའེར·ཨ་མཱ་ཏུར་གྱིས་བརྗོད་པ་དང་། ཡང་ཁོང་གིས་མཐུན་ཚོགས་ཀྱིས་ཀྲུང་གོའི་ནང་འདྲེན་ཚོང་པ་དང་འབྲེལ་གཏུག་ཧུར་ཐག་བྱེད་བཞིན་ཡོད། “ཧོང་ཀྲུང་རྒྱལ་ཁབ་གཉིས་པོའི་འབྱུང་འགྱུར་གྱི་ཆུ་ཐོན་ཐོན་རྫས་ཚོང་དོན་ལ་ང་ཚོས་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཅེས་བརྗོད།