མཚོ་སྔོན་གྱི་ཞོག་ཁོག་ཨང་9པས་རྒྱལ་ནང་གི་མུའུ་རེའི་འདེབས་འཛུགས་ཐོན་འབབ་ཀྱི་ཟིན་ཐོ་གསར་པ་བཏོད་པ།
ཟླ་10ཚེས་11དང་12ཉིན། མཚོ་སྔོན་སློབ་ཆེན་ཞིང་ལས་ནགས་ཚལ་ཚན་རིག་ཁང་གིས་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་ཚོགས་ཆུང་སྒྲིག་འཛུགས་བྱས་ཏེ་ཤིན་ཅང་པིང་ཐོན་གྱི་ཧྲི་ཤོག་བཞི་པའི་ཐོན་77གྱི་མཚོ་སྔོན་གྱི་ཞོག་ཁོག་ཨང་9པ་འདེབས་འཛུགས་དཔེ་སྟོན་ཞིང་ནང་དུ་ཐོན་འབབ་དངོས་ལ་ཚོད་རྩིས་བྱས་པར་དངོས་སུ་བསྡུ་ཁྱོན་མུའུ་103.09(སྤྱི་ཆིང་6.87ཙམ)ཟིན་པ་དང་སྙིགས་རོ་ཕུད་ཚེ་ཆ་སྙོམས་མུའུ་རེའི་ཐོན་འབབ་སྤྱི་རྒྱ་6508.93ཟིན་གྱི་ཡོད་པ་རེད། དེ་ནི་མཚོ་སྔོན་གྱི་ཞོག་ཁོག་ཨང་9པའི་རྒྱལ་ནང་གི་གཞི་ཁྱོན་ཆེ་ཤོས་ཀྱི་ཞིང་ནང་ཐོན་འབབ་དངོས་ལ་ཚོད་རྩིས་བྱས་པ་ཞིག་ཡིན་པ་དང་ཐོན་འབབ་ཚོད་རྩིས་བྱས་འབྲས་ལས་ཤིན་ཅང་གི་ཞོག་ཁོག་མུའུ་རེའི་ཐོན་འབབ་ཀྱི་ཟིན་ཐོ་གསར་པ་བཏོད་པ་མ་ཟད། མཚོ་སྔོན་གྱི་ཞོག་ཁོག་ཨང་9པའི་རྒྱལ་ནང་གི་མུའུ་རེའི་ཐོན་འབབ་ཀྱི་ཟིན་ཐོ་གསར་པ་ཡང་བཏོད་ཡོད་པ་རེད།
ཤིན་ཅང་པིང་ཐོན་གྱི་ཧྲི་ཤོག་བཞི་པའི་ཐོན་77གྱི་ལག་རྩལ་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱི་ཞོག་ཁོག་ཨང་9པ་ཤིན་ཅང་ས་ཁུལ་དུ་བཏབ་པར་ཐོན་འབབ་མང་བ་དང་ནད་འགོག་ནུས་པ་ཆེ་བ་མ་ཟད། ཕྱེ་མ་འདུས་ཚད་མཐོ་བ་དང་སྤུས་ཚད་ཀྱང་ཡག་པོ་ཡོད་པ་རེད། 2024ལོར་མཚོ་སྔོན་གྱི་ཞོག་ཁོག་ཨང་9པ་ཀྲའོ་སུའུ་གསར་སྦོལ་ཁུལ་དུ་འདེབས་ཁྱོན་མུའུ་ཁྲི་10(སྤྱི་ཆིང་6666.67ཙམ)ཟིན་པ་དེ་ནི་ས་གནས་དེ་གའི་འདེབས་ཁྱོན་ཆེ་ཤོས་ཀྱི་སྣ་ཁ་ཞིག་ཡིན་པ་རེད།
མཚོ་སྔོན་གྱི་ཞོག་ཁོག་ཨང་9པའི་ཐོན་མཐོའི་དཔེ་སྟོན་ཐོན་འབབ་ཚོད་རྩིས་བྱས་འབྲས་ལས་འགག་རྩའི་འདེབས་གསོའི་ལག་རྩལ་དང་བྱེད་ཐབས་ར་སྤྲོད་ཐུབ་པ་མ་ཟད། ཐོན་མཐོའི་མཚོ་སྔོན་གྱི་ཞོག་ཁོག་ཨང་9པ་འདེབས་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་དང་ཆབས་ཅིག་ས་གནས་དེ་གའི་ཞོག་ཁོག་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་ཐུབ་ནས་རང་རྒྱལ་ནུབ་རྒྱུད་ས་ཁུལ་གྱི་འབྲུ་རིགས་བདེ་འཇགས་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།