དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • “རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོའི་ཡུལ་མི་ཨུ་ལྷན་ཀ་ལ་གྲོང་ཚོའི་ཡུལ་མི་ཚོགས་ཆུང་གིས།

    བློ་སེམས་གཅིག་མཐུན་གྱིས་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་རྣམ་པར་བཞད་པར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-16

    རྩོམ་སྒྲིག་པའི་སྦྲགས་མཆན།

    ཟླ་9ཚེས་27ཉིན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། རང་ལྗོངས་ཀྱི་མཉམ་སྡེབ་14ལ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”ཀྱི་མཚན་སྙན་དང་། མི་སྒེར་15ལ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར”གྱི་མཚན་སྙན་ཐོབ་ཡོད།

    མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། སྐལ་བཟང་མེ་ཏོག་རབ་བཞད་བདེ་སྐྱིད་ལྡན། དཔེ་མཚོན་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་བཏོན་ནས་མི་རིགས་མཐུན་སྒྲིལ་ལས་དོན་སྔར་བས་ཡག་པོ་སྒྲུབ་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཧུར་ཐག་བྱ་ཆེད། དེ་རིང་ནས་བཟུང་འདི་ག་ཚགས་པར་གྱིས་རང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱི་སྔོན་ཐོན་བྱས་རྗེས་འགོད་སྤེལ་བྱ་རྒྱུ་ཡིན་པས་དོ་ཁུར་ཡོད་པ་ཞུ།

    དཔྱིད་ཀ་འཆར་རིམ་བཞིན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོར་མཛེས་སྡུག་ལྡན་པའི་ཁམ་བུའི་མེ་ཏོག་རབ་ཏུ་བཞད། ཉེ་དུས་ཀ་ལ་གྲོང་ཚོར་སླར་ཡང་གསེར་མདོག་ཅན་གྱི་གཟི་བརྗིད་མཚན་སྙན་གྱི་མེ་ཏོག་ཅིག་བཞད་པ་དེ། ཉིང་ཁྲི་གྲོང་རྡལ་སྤྲིན་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་པེ་ཅིང་ནས་བྱ་དགའི་རྟགས་མ་ཞིག་ཁྱེར་ཡོང་བ་སྟེ། ཀ་ལ་གྲོང་ཚོ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”ལ་བདམས་ཐོན་བྱུང་བ་རེད།

    “གཟེངས་བསྟོད་རྟགས་མ་འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ང་ཚོར་གནང་བྱུང”ཞེས་གྲོང་ཚོའི་རྟེན་འབྲེལ་ཚོགས་འདུའི་ཐོག་སྤེན་པས་སེམས་འགུལ་ཐེབས་བཞིན་ཡུལ་མི་ཚོར་བརྗོད་ཅིང་། ཁོང་གིས“སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོར་གཟི་བརྗིད་མཚན་སྙན་ཐོབ་པར་རྟེན་འབྲེལ་ཞུས་པ་མ་ཟད། ད་དུང་ང་ཚོར་འཚོ་བ་དེ་བས་མཛེས་སྡུག་ལྡན་པ་ཞིག་སྐྱེལ་དགོས་པའི་བཀའ་མངགས་ཀྱང་གནང་བྱུང”ཞེས་བརྗོད། 2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་ཀ་ལ་གྲོང་ཚོར་ཕེབས་ཤིང་། ཁོང་གིས། ཀ་ལ་གྲོང་ཚོའི་མཛེས་སྡུག་ལྡན་པའི་འཚོ་བ་ནི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་70སོང་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཀྱི་བསྡུས་རིས་ཤིག་ཡིན་པ་དང་། འདི་ག་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་རྣམ་པར་བཞད་པའི་ས་ཆ་ཞིག་རེད་ཅེས་གསུངས།

    ཀ་ལ་གྲོང་ཚོའི་ཡུལ་མི་ཚོས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་འདི་ཐོག་མཐའ་བར་གསུམ་དུ་སེམས་ནུས་ཡོད་རྒུས་ཡག་པོ་གསོ་སྐྱོང་བྱས་ཡོད།

    རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཀ་ལ་གྲོང་ཚོས“ཡུལ་སྐོར་+”ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་ཁམ་བུའི་མེ་ཏོག་དེ་སྐད་གྲགས་ཆོད་པའི་མིང་བྱང་ཞིག་ཏུ་བཏོད་ཡོད། གཞན་ཡང་། ཞིང་འབྲོག་པའི་སྐྱེལ་འདྲེན་རུ་ཁག་དང་ཡུལ་སྐོར་ཤིང་འབྲས་འཐུ་ས་སོགས་གྲོང་ཚོའི་ཐོན་ལས་སྣ་མང་འཕེལ་རྒྱས་བཏང་བ་བརྒྱུད་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་སུ་ཕྱིན་ཡོད།

    དེ་དང་ཆབས་ཅིག་ཀ་ལ་གྲོང་ཚོར་ལས་གཏོད་ལས་ཞུགས་བྱེད་པར་ཡོང་མཁན་ཡང་མང་དུ་ཕྱིན་ཡོད། ཀ་ལ་གྲོང་ཚོས་ཕྱོགས་མི་རྣམས“གཉིས་ལྡན་དུད་སྦྲེལ”གྱི་ཞབས་ཞུའི་དོ་དམ་ཁྱབ་ཁོངས་སུ་བཅུག་པ་མ་ཟད། ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཏང་ཡོན་དང་ལས་བྱེད་པས་ཀྱང་རྟག་ཏུ་ཕྱོགས་མིའི་ཐོན་སྐྱེད་དང་འཚོ་བའི་ཐད་ཀྱི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱས་པས་མི་རིགས་མཐུན་སྒྲིལ་གྱི་གཏམ་བཟང་མང་པོ་གྲགས་ཡོད།

    ཡུལ་མི་ཚེ་བརྟན་བཀྲ་ཤིས་ཁྱིམ་གྱི་ས་ཞིང་དེ་ཚལ་འདེབས་ཞིང་པ་ཀྲང་ཧྭ་ཧྥེ་བཟའ་ཚོར་བོགས་མར་བཏང་བ་དང་། ཁྱིམ་ཚང་གཉིས་པོ་གཉེན་ཉེ་བཞིན་འཆམ་མཐུན་མཉམ་གནས་བྱུང་ཡོད། ཀྲང་ཧྭ་ཧྥེས་ལོ་ལྟར་གྲོང་ཚོར་རིན་མེད་ངང་ཚལ་སྐྱེལ་གྱི་ཡོད་ལ་ཚེ་བརྟན་བཀྲ་ཤིས་ཀྱིས་ཀྱང་རང་ཁྱིམ་གྱི་བའི་བེའུ་ཀྲང་ཧྭ་ཧྥེར་སྦྱིན་ཡོད། ལོ་ཞིག་ཚེ་བརྟན་བཀྲ་ཤིས་ཀྱིས་ཀྲང་ཧྭ་ཧྥེར་བ་གླང་3སྦྱིན་ཞིང་། མི་ལ་ལས“ས་ཞིང་ཚལ་འདེབས་ཞིང་པར་བོགས་མར་བཏང་ཚེ་ལོ་རེར་མུའུ་རེར་བོགས་དངུལ་སྒོར་1500ལས་མེད། འོན་ཀྱང་བ་གླང་གཅིག་ལ་སྒོར་ག་ཚོད་རག་གི་མ་རེད་དམ། འདི་ནི་མ་རྩ་རྡིབ་པའི་ཚོང་མ་རེད་དམ”ཞེས་དྲིས་པར། ཚེ་བརྟན་བཀྲ་ཤིས་ཀྱིས“ང་ཚོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རོགས་རམ་བྱེད་ཀྱི་ཡོད། བརྩེ་དུང་ལ་དངུལ་གྱིས་རྩིས་རྒྱག་ཐབས་བྲལ”ཞེས་མི་སེམས་འགུལ་བའི་ལན་བཏབ། ཡུལ་མི་ཚོ་དང་ཕྱི་ནས་ཡོང་བའི་ཚལ་འདེབས་ཞིང་པ་ཚོ་ཕན་ཚུན་ལྟ་སྐྱོང་བྱེད་རིང་བརྩེ་སེམས་ཟབ་མོ་ཆགས་ཡོད།

    ས་ཕྱོགས་ཁག་ནས་ཡོང་མཁན་ཡུལ་སྐོར་བ་ཚོ་ཡང་ཡུལ་མི་ཚོས་ལྷག་བསམ་ཟོལ་མེད་ལྟ་བུའི་གཉེན་ཉེ་དང་ནང་མིར་བརྩི་གི་ཡོད། ཀ་ལ་གྲོང་ཚོའི་ཡུལ་མི་དང་ཡུལ་སྐོར་བ་འཆམ་མཐུན་གང་འདྲ་ཡོད་དམ་ཞེ་ན། ཕན་ཚུན“བཀྲ་ཤིས་བདེ་ལེགས”ཞུ་རེས་བྱེད་པའི་ཤིས་ཚིག་ལས་མཚོན་པ་དང་། སེམས་རྩ་འཁོལ་བའི་ཡུལ་མི་ཡང་ཡུལ་སྐོར་བའི་གྲོགས་པོར་གྱུར་ཡོད། བཅར་འདྲི་བྱེད་རིང་། ཡུལ་མི་ལ་ལས་གད་མོ་དགོད་བཞིན“སྐབས་འགར་ང་ཚོ་ཁྱིམ་དུ་མེད་སྐབས་ལྡེ་མིག་རྡོ་ལེབ་འོག་ཏུ་འཇོག་གི་ཡོད། དེ་ལྟར་བྱས་ཚེ་ཁོང་ཚོ་སོ་སོས་ནང་དུ་འཛུལ་ཆོག”ཅེས་བརྗོད།

    མི་རིགས་ཁག་ཇ་དང་ཚྭ་བཞིན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་མི་སེམས་འགུལ་བའི་གཏམ་རྒྱུད་ཀ་ལ་གྲོང་ཚོར་ཆུ་བོའི་རྒྱུན་ལྟར་ཐོན་བཞིན་ཡོད།

    “གལ་འགངས་ཆེ་ཤོས་ནི་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས‘རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ’ཀྱི་གཟི་བརྗིད་མཚན་སྙན་ཆུད་ཟོས་སུ་མི་གཏོང་བར་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུར་ཡག་པོ་བསྐྱོད་དེ། མང་ཚོགས་རྣམས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་རྒྱུ་དེ་རེད”ཅེས་སྤེན་པས་བརྗོད།

    གཟི་བརྗིད་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ཏེ་ཀ་ལ་གྲོང་ཚོས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཁུལ་འཛུགས་གཏོད་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ཚེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཇི་ཙམ་བཞད་པ་དེ་ཙམ་གྱིས་མཚར་སྡུག་ལྡན་པ་ཞིག་ཡོང་ངེས་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།