ཧྲན་ཤིས་ཐའེ་ཡོན་གྱིས་ལུས་རྩལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་རྒྱ་འཐུས་སྒོ་ཚང་དུ་ཧུར་ཐག་གཏོང་བ།
“མགྱོགས་པོ་རྒྱུག མགྱོགས་པོ་སྤོ་ལོ་དབྱུག་དང”མུན་པ་རུབ་ཀྱང་ཧྲན་ཤིས་ཐའེ་ཡོན་ཞའོ་ཏན་ཆུས་ཡོན་ཀྲའོ་དགོན་པའི་སྤྱི་གླིང་གི་རྐང་རྩེད་སྤོ་ལོ་ཐང་དུ་གློག་འོད་རབ་ཏུ་གསལ་ལ་རྣམ་པ་འཁྲུག་ཆ་དོད། གྲོང་མི་མང་པོ་རྐང་རྩེད་སྤོ་ལོ་ཐང་དུ་རུབ་ནས“དམངས་ཡོངས་ལུས་སྦྱོང་། བདེ་ཐང་ཀྲུང་གོའི”རྒྱལ་ཡོངས་ཀྱི་རྫོང་ཁོངས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་བཞི་པ་དང་ཞའོ་ཏན་ཆུས་ཀྱི་དམངས་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་མི་ལྔའི་ལམ་ལུགས་ཀྱི་འགྲན་བསྡུར་ལ་ལྟ་བཞིན་མཆིས།
ཧྲན་ཤིས་ཀྲོ་གཡོད་ཤིང་རུ་ཁག་ནི་ཆ་སྙོམས་ལོ་22ལ་སླེབས་པའི་བུད་མེད་རྐང་རྩེད་སྤོ་ལོའི་རུ་ཁག་ཅིག་ཡིན་པ་དང་ཁོང་ཚོས་དེ་སྔ་རྒྱལ་ཡོངས་ཀྱི་བུད་མེད་ཀྱི་མི་ལྔའི་ལམ་ལུགས་ཀྱི་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་གྱི་ཨང་གསུམ་པ་ལེན་མྱོང་ཡོད། འགྲན་བསྡུར་གྱི་མཐའ་མའི་སྐར་མ་8ནང་རུ་མི་གཉིས་ཀྱིས་གཞོགས་འདེགས་དམ་ཟབ་བྱས་པས་བསྟུད་མར་སྤོ་ལོ་3བླུགས་ནས་བསྡུར་གྲངས་མཉམ་པས་ས་གནས་ས་ཐོག་གི་རྣམ་པའང་ཧ་ཅང་འཁྲུག་ཆ་དོད་དུ་སོང་།
ཅ་ཧྲུའུ་ཐིང་ནི་ཧྲན་ཤིས་ཀྲོ་གཡོད་ཤིང་རུ་ཁག་གི་མདུན་རུ་བ་ཞིག་རེད། ལྟད་མོ་ལྟ་མཁན་མང་ཐག་ཆོད་པས་སྤོ་ལོ་བརྒྱབ་ནས་ལོ་13སོང་བའི་སྤོ་ལོ་བ་རྙིང་པ་ཁོང་ཡང་དངངས་འཚབ་ཆེན་པོ་ལངས། རིམ་བཞིན་ལྟད་མོ་བའི་དགའ་འབོད་ཀྱི་སྒྲས་ཁོང་ལ་ཡིད་ཆེས་དང་སྒུལ་ཤུགས་ཆེན་པོ་སྦྱིན། “མཐའ་མའི་སྐར་གྲངས་གལ་ཆེན་པོ་མ་རེད། ཚང་མ་མཉམ་དུ་འཛོམས་ནས་སྤོ་ལོ་བརྒྱུད་གྲོགས་པོ་བསྒྲིགས་ཏེ་ལུས་རྩལ་གྱི་སྤྲོ་སྣང་ལོངས་སྤྱོད་བྱ་རྒྱུ་དེ་གལ་ཆེ་ཤོས་རེད”ཅེས་ཅ་ཧྲུའུ་ཐིང་གིས་བཤད།
འགྲན་རའི་ཐག་མི་རིང་བའི་ས་ནི་ཞའོ་ཏན་ཆུས་ལུང་ཁྲེང་སྤྱི་གླིང་ཤར་ཁུལ་གྱི་ལུས་རྩལ་ར་བ་རེད། དེ་གར་ཕིང་ཕང་སྤོ་ལོ་རྒྱག་ས་དང་ལུས་སྦྱོང་སྒྲིག་ཆས་སོགས་སྒྲིག་བཀོད་ཆ་ཚང་བ་དང་ཆེད་ལས་ཀྱི་འགྱིག་བཟོས་རྒྱུག་ལམ་དེ་སྤྱི་གླིང་གི་མཛེས་ལྗོངས་སུ་གྱུར་ཡོད། གྲོང་མི་ཝང་ལགས་ཀྱིས་མཚན་མོའི་རྒྱུག་ཤར་གློད་བཞིན“ཉིན་ལྟར་ལས་ཐག་བཅད་རྗེས་ང་རང་རྒྱུག་ཤར་གློད་པར་ཡོང་གི་ཡོད། སྤྱི་གླིང་གི་ཁོར་ཡུག་ཧ་ཅང་ཡག་པོ་འདུག་པས་དངོས་འབྲེལ་ལོངས་སྤྱོད་རང་རེད”ཅེས་བཤད།
2023ལོ་ནས་བཟུང་ཐའེ་ཡོན་གྲོང་ཁྱེར་གྱིས་ལུང་ཁྲེང་སྤྱི་གླིང་དང་། ཧྲོང་ཐ་སྤྱི་གླིང་། ཧྥེན་ཧོ་སྤྱི་གླིང་། ཀུའུ་ཅའོ་གྲོང་ཁྱེར་ཧྥེན་ཧོ་ལུས་རྩལ་སྤྱི་གླིང་སོགས་ལུས་རྩལ་སྤྱི་གླིང་མང་པོ་བསྐྲུན་ནས་གྲོང་འདབས་ཀྱི་ནགས་ཚལ་སྤྱི་གླིང་དང་། སྤྲོ་གསེང་ཁུལ། སྡེ་ཁུལ་སོགས་སུ་ལུས་སྦྱོང་རྒྱུག་ལམ་སྤྱི་ལེ་300ཙམ་བཏིང་བ་དང་སྡེ་ཁུལ་གྱི་དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས་18བསྐྲུན་ཏེ་སྡེ་ཁུལ(གྲོང་ཚོར)དུ་ལུས་སྦྱོང་རྒྱུག་ལམ་ཁག་150ལྷག་ཙམ་སྒྲིག་སྦྱོར་དང་གསར་བརྗེས་བྱས་པ་དང་ཆབས་ཅིག རིག་ལྡན་གྱི་ལུས་སྦྱོང་ས་ཚིགས་དང་རིག་ལྡན་གྱི་ལུས་སྦྱོང་ཡོ་བྱད་སྒྲིག་སྦྱོར་བྱས་ཡོད། དེ་དང་འདྲ་བའི་བྱ་ཐབས་རེ་རེ་ལས་མང་ཚོགས་ཉེ་འགྲམ་གྱི་ལུས་སྦྱོང་ར་བའི་སྒྲིག་བཀོད་ཕུན་སུམ་ཚོགས་སུ་ཕྱིན་ཏེ་གྲོང་མིར་ཕན་བདེ་བསྐྲུན་ཡོད།