དམངས་འཚོའི་བདེ་རྩ་ཆེ་རུ་བཏང་། བདེ་སྐྱིད་འཚོ་བའི་ལེའུ་གསར་བརྩམས།
རང་ལྗོངས་ཀྱིས་དམངས་སྲིད་བྱ་གཞག་སྤུས་མཐོ་ནུས་ཆེའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།
སྤྱི་ཚོགས་རོགས་སྐྱོབ་ཀྱི་ཐ་སྐྱོང་འགན་སྲུང་ནུས་པ་ཆེ་རུ་གཏོང་བ་དང་། རྒན་གསོའི་ཞབས་ཞུའི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བྱིས་པའི་ཕན་བདེའི་ལས་དོན་ཏན་ཏིག་སྤེལ་བ་སོགས་2024ལོ་ནས་བཟུང་། རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བདེ་འཇགས་དང་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ་དང་། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ། ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་ལེན་དང་། ཐ་གྲས་སྐྱོང་བ། འཕྲལ་མཁོ་དང་དཀའ་ངལ་སེལ་བ། བརྟན་ལྷིང་འགན་ལེན། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དམངས་སྲིད་བྱ་གཞག་འཕེལ་རྒྱས་ལ་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།
ཕྱོགས་མང་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ཐ་སྐྱོང་འགན་སྲུང་བརྟན་པོ་དང་ནུས་ལྡན་ཡོང་བར་བྱས་པ།
འདི་ལོ་ནས་བཟུང་། རང་ལྗོངས་ཀྱི་དམངས་སྲིད་སྡེ་ཚན་གྱིས“དམངས་ཀྱི་དཀའ་ངལ་སེལ་རྒྱུ”ལས་དོན་སྒྲུབ་པའི་ཁ་ཕྱོགས་སུ་བྱས་ཏེ་སྡེ་ཚན་12དང་མཉམ་འབྲེལ་ཐོག《ཡོང་འབབ་དམའ་བའི་མི་འབོར་གྱི་སྟབས་བསྟུན་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་རིམ་དབྱེ་དང་རིགས་དབྱེའི་སྤྱི་ཚོགས་རོགས་སྐྱོབ་དང་རོགས་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་ནས་ཡོང་འབབ་དམའ་བའི་མི་འབོར་གྱི་སྟབས་བསྟུན་ལྟ་ཞིབ་ཚད་ལེན་དང་རྒྱུན་རྣམ་ཅན་གྱི་རོགས་སྐྱོབ་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། “འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་བྱེད་པ”དང་། “རོགས་སྐྱོབ་བྱེད་ཁོངས་སུ་འཇུག་དགོས་རིགས་ཚང་མ་འཇུག་པ”“རོགས་སྐྱོབ་བྱེད་དགོས་རིགས་ཚང་མར་རོགས་སྐྱོབ་བྱེད་པ”བཅས་བྱས་པ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རོགས་སྐྱོབ་དང་ཁ་གསབ་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་ཁོ་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཕྱིན་པ་རེད།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་དམངས་སྲིད་ཅུས་དང་ཁྲུང་ཆིང་གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་མཉམ་དུ་ཆབ་མདོའི་རྐང་ལག་ལ་རྨས་སྐྱོན་ཕོག་པའི་བྱིས་པ་སྐྱོབ་བཅོས་བྱ་སྤྱོད་སྤེལ་ནས་ཁག་དང་པོའི་བྱིས་པ་20ཁྲུང་ཆིང་དུ་ཆེད་ལས་སྨན་བཅོས་བྱེད་པར་ཁྲིད་ཅིང་། བྱ་སྤྱོད་དེས་ནད་གཞི་ཕོག་པའི་བྱིས་པ་དུས་ཐོག་ཏུ་སྐྱོབ་བཅོས་ཐུབ་ནས་བདེ་ཐང་སླར་གསོ་ཐུབ་ཡོད་པ་རེད།
《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་དམངས་འཚོའི་བྱ་བ་དངོས་ཁག་21གི་བཀོད་སྒྲིག་གཞིར་བཟུང་། འདི་ལོ་ནས་བཟུང་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གིས་དྭ་ཕྲུག་དང་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པའི་གཞི་རྩའི་འཚོ་བ་འགན་ལེན་དང་། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ལོ་ན་མཐོ་བ་དང་ངལ་ནུས་ཤོར་བའི་རྒན་རྒོན་གྱི་ཁ་གསབ། དེ་བཞིན་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ། ཚབས་ཆེའི་དབང་པོ་སྐྱོན་ཅན་གྱི་ནད་གཡོག་ཁ་གསབ་བཅས་ཀྱི་ཚད་གཞི་མཐོ་རུ་གཏོང་བའི་ལས་དོན་ལེགས་སྒྲུབ་བྱས་པ་རེད། མིག་སྔར་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བར་འགན་ལེན་བྱ་ཡུལ་ཁྲི་17.04དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་ཁྲི་1.26ལྷག་ཙམ། གནས་སྐབས་རོགས་སྐྱོབ་བྱ་ཡུལ་མི་ཐེངས་8116བཅས་ལ་འགན་ལེན་ནུས་ལྡན་ཐུབ་ཡོད། དེ་དང་ཆབས་ཅིག་དམངས་སྲིད་ཁོངས་གཏོགས་ཀྱིས་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་ནང“དུད་ཚང་ཁྲི་སྟོང་ལ་དམངས་སྲིད་སྲིད་ཇུས་ཁྱབ་གདལ་གཏོང་། ཏང་གི་བཀའ་དྲིན་ནམ་ཡང་སེམས་ལ་འཆང་བའི”བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་ཐེངས་800ལྷག་ཙམ་སྒྲིག་འཛུགས་བྱས་པ་ལས་མང་ཚོགས་མི་ཐེངས་ཁྲི་13ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
སྲིད་ཇུས་རེ་རེ་དང་གྲངས་གཞི་རེ་རེ་ལས་དམངས་སྲིད་ལས་དོན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐུགས་ཁུར་ཟབ་མོ་བྱེད་ལུགས་མཚོན་པ་མ་ཟད། རོགས་སྐྱོབ་ཀྱི་ཐབས་ལམ་རྒྱ་ཆེར་ཕྱིན་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་བརྩོན་ལེན་བྱེད་པའི་ལམ་བུར་དེ་བས་འགན་ལེན་བརྟན་པོ་དང་ནུས་ལྡན་ཡོང་བར་བྱས་ཡོད་པ་རེད།
ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ནུས་པ་ཆེ་རུ་བཏང་ནས་བྱིས་པའི་ཕན་བདེའི་ལས་དོན་བརྟན་པོ་བསྒྲུབས་པ།
2000ལོར་གཉེར་སྐྱོང་བྱས་པ་ནས་བཟུང་བོད་ལྗོངས་བྱིས་པའི་ཕན་བདེ་ཁང་དེ་ད་ཆ་སྨན་བཅོས་དང་། དྲག་སྐྱེད། དམིགས་བསལ་སློབ་གསོ། ནད་གཡོག་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་བྱིས་པའི་ཕན་བདེའི་སྒྲིག་གཞི་ཞིག་ཏུ་འཕེལ་རྒྱས་བྱུང་ཡོད། 2015ལོར་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་ཕན་བདེ་ཁང་གིས“གཅིག་སྡུད་གཉིས”ཀྱི་ལས་འགན་ལེགས་སྒྲུབ་བྱས་ནས་ནག་ཆུ་དང་ཆབ་མདོ་སོགས་ས་ཁུལ་གྱི་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་བྱིས་པ་300ལྷག་ཙམ་གསོ་ཉར་བྱས་པས་མིག་སྔར་ཕན་བདེ་ཁང་དུ་བྱིས་པ་ཁྱོན་331ཡོད་པ་རེད།
བོད་ལྗོངས་བྱིས་པའི་ཕན་བདེ་ཁང་གི་ཡོན་ཀྲང་པའེ་ཡུས་ཧྥུང་གིས“ང་ཚོས་གཅེས་སེམས་ཨ་མ་གཅིག་གིས་བྱིས་པ་15ལ་ལྟ་རྟོག་བྱེད་པའི་གསོ་སྐྱོང་བྱེད་སྟངས་ལག་བསྟར་བྱེད་ཀྱི་ཡོད་ལ། དབང་པོ་སྐྱོན་ཅན་གྱི་བྱིས་པར‘གཅིག་གཏད་གཅིག’གི་ལྟ་རྟོག་བྱེད་ཀྱི་ཡོད། བྱེད་སྟངས་དེས་ཕྲུ་གུ་ཚོས་ཁྱིམ་ཚང་གི་དྲོ་སྐྱིད་ཚོར་ཐུབ་ལ། མཛའ་བརྩེའི་ཁོར་ཡུག་ཁྲོད་བདེ་ཐང་ངང་འཚར་ལོངས་ཀྱང་ཐུབ་ཀྱི་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
ཕན་བདེ་ཁང་གི་བྱིས་པའི་སློབ་སྦྱོང་གི་སྐོར་གླེང་སྐབས་པའེ་ཡུས་ཧྥུང་ལ་དགའ་ཚོར་དང་སྤོབས་པ་ཆེན་པོ་སྐྱེ་གི་ཡོད་ཅིང་། ཁོང་གིས“འདི་གའི་ཕྲུ་གུ་ཚང་མ་རང་འགུལ་ཆེ་བ་མ་ཟད། ཕྲུ་གུ་མང་པོ་ཞིག་གི་སྦྱངས་འབྲས་ཀྱང་ཡག་པོ་ཡོད་པས། སློབ་རིམ་སྤོར་བའི་ཡིག་རྒྱུགས་ལེན་རྗེས་ལྗོངས་ཕྱིར་སློབ་གྲྭར་འགྲོ་གི་ཡོད། ཁོ་ཚོའི་བཀའ་དྲིན་གྱིས་ཉིན་ཤས་གོང་ང་རང་ཡང་གདན་ཞུས་ལྟར་སི་ཁྲོན་སློབ་ཆེན་དང་ལྷོ་ནུབ་ནོར་དཔལ་སློབ་ཆེན་ལ་ལྟ་སྐོར་དུ་ཕྱིན་པ་ཡིན། དེ་ནི་ངོ་མ་ནམ་ཡང་བརྗེད་དཀའ་བ་ཞིག་རེད”ཅེས་བཤད།
དམངས་ཀྱི་རེ་སྒུག་ནི་སྲིད་ཀྱི་ཁ་ཕྱོགས་ཡིན། ད་ལོ་ཚུན་དུ། རང་ལྗོངས་ཀྱི་དམངས་སྲིད་སྡེ་ཚན་གྱིས་བྱིས་པའི་ཕན་བདེའི་སྐོར་གྱི་འབྲེལ་ཡོད་ཞིབ་སྲོལ་བཟོས་ནས་ལས་ཀའི་བརྒྱུད་རིམ་དང་མ་དངུལ་བེད་སྤྱོད་སྔར་བས་ཚད་ལྡན་དུ་བཏང་བ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་ལྟེ་གནས་34གཉེར་སྐྱོང་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ན་སོ་དར་ལ་མ་བབས་པའི་མི་8085ལ་སེམས་ཁམས་བདེ་ཐང་དང་། བཅའ་ཁྲིམས་རོགས་སྐྱོར། སློབ་གསོ་གསོ་སྦྱོང་། གནས་སྐབས་ལྟ་སྐྱོང་། དུས་ཐུང་འཚོ་བའི་ལྟ་སྐྱོང་སོགས་ཀྱི་ཞབས་འདེགས་ཞུས་པ་རེད།
ཞབས་འདེགས་ཞུ་ཐབས་ལེགས་སུ་བཏང་ནས་རྒན་གསོའི་ཞབས་འདེགས་ཞུ་སྟངས་གསར་གཏོད་བྱས་པ།
ཏེང་ཅུན་ནི་ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་གི་ཡོན་ཀྲང་རེད། ན་ནིང་ཟླ་བདུན་པར། ལྷ་ས་གྲོང་ཁྱེར་སྤྱི་ཚོགས་ཕན་བདེ་ཁང་དུ་རྒན་གསོའི་ཞབས་ཞུའི“གཞུང་བཙུགས་དམངས་གཉེར”གྱི་བྱེད་སྟངས་གསར་པ་མངོན་འགྱུར་བྱུང་བ་དང་བསྟུན་ཏེང་ཅུན་གྱིས་ཚོགས་པའི་སྣེ་ཁྲིད་དེ་ས་བབ་དམའ་བའི་ཁུལ་ནས་ལྷ་སར་ཡོང་བ་རེད། ཁོང་གིས“དང་ཐོག ང་རང་ཕ་ཡུལ་དང་ཁ་བྲལ་བར་ཕ་མ་གཉིས་ཀྱིས་རྦད་དེ་མོས་མཐུན་བྱེད་ཀྱི་མི་འདུག ཡིན་ན་ཡང་ལས་རོགས་དང་མཉམ་དུ་ལྷ་སར་བསླེབས་རྗེས་དེ་གའི་ཐུན་མོང་མ་ཡིན་པའི་ཡུལ་ལྗོངས་དང་མི་ཆོས་རིག་གནས་ཀྱིས་ངའི་ཡིད་དབང་རབ་ཏུ་བཀུག་ནས་དེ་གར་ལས་ཀ་བྱེད་རྒྱུའི་སེམས་ཐག་བཅད་པ་ཡིན། རྗེས་སུ་ཕ་མ་གཉིས་ཀས་ཀྱང་བསམ་ཤེས་དང་རྒྱབ་སྐྱོར་གནང་བྱུང”ཞེས་གསར་འགོད་པར་བཤད།
ལོ་གཅིག་ལྷག་ཙམ་རིང་། ཏེང་ཅུན་དང་ལས་རོགས་ཚོས་ཆེད་ལས་ཅན་དང་ཚད་ལྡན་ཅན་གྱི་གཉེར་སྐྱོང་དོ་དམ་བྱས་ནས་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་གྱི་སྤུས་ལེགས་ཞབས་འདེགས་ཞུས་པས་རྒན་རྒོན་ཚོའི་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་པ་རེད། ཏེང་ཅུན་གྱིས“སྲིད་གཞུང་སྡེ་ཚན་གྱིས་དུས་ཚིགས་རེར་རྒན་རྒོན་ཚོ་ང་ཚོའི་ལས་དོན་ལ་བློ་ཡིད་ཚིམ་པོ་ཡོད་མེད་བརྟག་དཔྱད་བྱེད་ཀྱི་ཡོད། དུས་ཚིགས་གོང་མའི་སྐར་གྲངས་དཔྱད་བསྡུར་90%ཟིན་བྱུང་། འདི་ལས་འབྱུང་འགྱུར་ང་ཚོས་ལས་དོན་སྤེལ་བར་ཡིད་ཆེས་སྔར་བས་འཕེལ་སོང”ཞེས་བཤད།
བོད་ལུགས་གསོ་རིག་གི་ལུས་རྩེད་དང་། མཉམ་གཞས་སློབ་ཚན། བོད་ཡིག་སློབ་ཚན། ནང་མ་སྟོད་གཞས་སོགས་རྒན་རྒོན་སློབ་གྲྭར་སློབ་ཚན་ཕུན་སུམ་ཚོགས་པོ་བཀོད་སྒྲིག་བྱས་ནས། རྒན་རྒོན་ཚོ་ཁང་པའི་ནང་ནས་ཕྱིར་ཐོན་ཏེ་ཚོགས་སྤྱིའི་ནང་མཉམ་འདྲེས་ཡོང་བར་བྱས་ཡོད།
“རྒས་དུས་འཚོ་རྟེན་ཡོད་པར་བྱེད་པ”ནི་དམངས་འཚོ་འགན་ལེན་བྱེད་པའི་ལྷུ་ཚིགས་གལ་ཆེན་ཞིག་རེད། ད་ལོའི་ལོ་སྟོད་བར། རང་ལྗོངས་ཀྱི་དམངས་སྲིད་སྡེ་ཚན་གྱིས་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་དང“གཞུང་བཙུགས་དམངས་གཉེར”སོགས་ཀྱི་བྱེད་ཐབས་བརྒྱུད་སྤྱི་ཚོགས་ཀྱི་སྟོབས་ཤུགས་སྤྱད་དེ་རྒན་གསོའི་ཞབས་འདེགས་ཞུ་གི་ཡོད། རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་64གཉེར་སྐྱོང་བྱེད་འགོ་ཚུགས་པས་རིམ་རྩིས་བརྒྱབ་ན་སྡེ་ཁུལ་གྱི་རྒན་རྒོན་མི་ཐེངས་ཁྲི་59.7ལ་འཚོ་བའི་ལྟ་རྟོག་དང་། སེམས་གསོ་གཏོང་བ། རིག་གནས་རོལ་རྩེད་སོགས་ཀྱི་ཞབས་འདེགས་ཞུས་ཡོད་པ་རེད།
དམངས་འཚོར་འགན་ལེན་དང་ལེགས་སུ་གཏོང་བ་ནི་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་རེད། རང་ལྗོངས་ཀྱི་དམངས་སྲིད་སྡེ་ཚན་གྱིས་ཐོག་མའི་བསམ་འདུན་མུ་མཐུད་བརྟན་སྲུང་དང་དམངས་འཚོའི་བརྩེ་སེམས་ཟབ་ཏུ་བཏང་ནས་མི་དམངས་མང་ཚོགས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་བཞག་ཐོག་བྱ་སྤྱོད་དངོས་ལ་བརྟེན་ནས་དྲོ་སྐྱིད་ལྡན་པའི“དམངས་འཚོའི་རྒྱུགས་ལན”ཕུལ་ཏེ། དམངས་སྲིད་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བ་དེ་བས་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།