ཀྲུང་གོ་མི་དམངས་དངུལ་ཁང་སོགས་སྡེ་ཚན་བཞིས་ཡིག་ཆ་བཀྲམ་ནས་ལྗང་མདོག་དངུལ་རྩས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བར་སྐུལ་འདེད་གཏོང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཚེས་12ཉིན་གསར་འགོད་པར་ཀྲུང་གོ་མི་དམངས་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་ཀྲུང་གོ་མི་དམངས་དངུལ་ཁང་དང་། སྐྱེ་ཁམས་ཁོར་ཡུག་པུའུ། དངུལ་རྩ་ལྟ་འདོམས་སྤྱི་ཁྱབ་ཅུས། ཀྲུང་གོ་འཛིན་ལོར་ལྟ་འདོམས་ཨུ་ལྷན་བཅས་ཀྱིས《ལྗང་མདོག་དངུལ་རྩའི་ནུས་པ་འདོན་སྤེལ་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུའི་སྐོར་གྱི་བསམ་འཆར》མཉམ་འབྲེལ་ཐོག་བཀྲམ་ནས། གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་གཙོ་གནད་བྱེད་ཐབས་ཁག་19བཏོན་པའི་དམིགས་ཡུལ་ནི་ལྗང་མདོག་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
བསམ་འཆར་ནང་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་རྒྱ་ཆེར་གཏོང་། འཕར་སྣོན་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་བླང་བྱ་གཞིར་བཟུང་། མཛེས་སྡུག་ལྡན་པའི་ཀྲུང་གོའི་སྔོན་སྤེལ་ཁུལ་འཛུགས་སྐྲུན་དང་། གཙོ་གནད་ལས་རིགས་ཀྱི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས། སྦགས་བཙོག་འགོག་བཅོས་འགག་སྒྲོལ་ལ་སྐུལ་འདེད་ཟབ་གཏོང་། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོའི་འཛུགས་སྐྲུན་རྣམ་གྲངས་མཛོད་བསྐྲུན་ཏེ་དངུལ་རྩའི་རྒྱབ་སྐྱོར་གྱི་གནད་སྨིན་རང་བཞིན་ཆེ་རུ་ནུས་ལྡན་གཏོང་དགོས་པ་ཁ་གསལ་བཏོན་ཡོད་པ་རེད།
བསམ་འཆར་ནང་དངུལ་རྩའི་སྒྲིག་གཞིའི་ལྗང་མདོག་དངུལ་རྩའི་ཞབས་ཞུའི་ནུས་པ་ཆེ་རུ་ཧུར་ཐག་བཏང་ནས་ལྗང་མདོག་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་ཕུན་སུམ་ཚོགས་སུ་གཏོང་དགོས། ལྗང་མདོག་གི་ཡིད་རྟོན་དངུལ་བུན་གཏོང་ཚད་རྒྱུན་མཐུད་ངང་མང་དུ་གཏོང་བ་དང་། ལྗང་མདོག་བུན་འཛིན་དང་ལྗང་མདོག་མ་རྩའི་འཛིན་ལོར་ཅན་སོགས་ལྗང་མདོག་གི་དངུལ་རྩའི་ཐོན་རྫས་འཕེལ་རྒྱས་གཏོང་བ། ལྗང་མདོག་གི་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ས་ཁོངས་རང་བཞིན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་རྣམ་གྲངས་དང་། ཐཱན་ཁྲོམ་ར། ཐོན་ཁུངས་ཁོར་ཡུག་གི་རྒྱུ་རྐྱེན། སྐྱེ་ཁམས་ཁོར་ཡུག་སྟོན་ཕྱོགས་ཀྱི་གསར་སྤེལ་རྣམ་གྲངས། སྣ་མང་ཅན་གྱི་གནམ་གཤིས་ཀྱི་མ་འཇོག་དང་མ་རྩ་བསྡུ་སྒྲིལ། ལྗང་མདོག་འཛད་སྤྱོད་སོགས་འགག་རྩའི་ལྷུ་ཚིགས་དང་ཁྱབ་ཁོངས་ལ་དམིགས་ཏེ། ལྗང་མདོག་དངུལ་རྩའི་ཐོན་རྫས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བསྟན་ཡོད།
ལག་བསྟར་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། སྡེ་ཚན་བཞིས་མཐུན་སྦྱོར་ལམ་སྲོལ་བཙུགས་ནས་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་ཀྱི་སྦྲེལ་མཐུད་ལས་སྟེགས་དང་སྲིད་ཇུས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ་རེད། ཆ་འགྲིག་རྨང་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གཅིག་གྱུར་གྱི་ལྗང་མདོག་དངུལ་རྩའི་ཚད་གཞིའི་མ་ལག་འཛུགས་པར་སྐུལ་འདེད་གཏོང་བ་དང་ཐཱན་གྱི་ཞིབ་རྩིས་ཚད་གཞི་དང་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས། སྐུལ་ལྕག་དང་གཅུན་འདོམས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལྗང་མདོག་དངུལ་རྩའི་སྲིད་ཇུས་ལག་བསྟར་བྱས་ཚུལ་ལ་དཔྱད་དཔོག་བྱེད་དགོས། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཁྱབ་ཁོངས་གཙོ་བོའི་རྣམ་གྲངས་ཀྱི་མ་དངུལ་བསྡུ་རུབ་བྱས་ཚུལ་ལ་ལྟ་ཞིབ་ཚད་ལེན་དང་དབྱེ་ཞིབ་བྱེད་ཤུགས་ཆེ་རུ་གཏོང་དགོས།