དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གཞིས་རྩེ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ནས་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་གནས་ཀྱི་ནུས་པ་རགས་ཙམ་ཐོན་པ།

  •     སྤེལ་དུས།  2024-10-14

    འདི་ནི་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་འགག་སྒོ་ནས་རྒྱལ་མཚམས་སྒྲོལ་གྲབས་ཡོད་པའི་ནེ་པ་ལའི་ཟོག་འདྲེན་རླངས་འཁོར་ཡིན་པ།

    ཟླ་8ཚེས་1ཉིན་གཞིས་རྩེ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་ཕྱིར་གཏོང་དངོས་ཟོག་ཞིབ་བཤེར་བྱ་ཡུལ་སྤྱོད་འགོ་ཚུགས་པ་དང་། ཟླ་8ཚེས་18ཉིན་རང་སྐྱོང་ལྗོངས་དང་། ས་ཁུལ། གྲོང་ཁྱེར་བཅས་ཀྱིས་རང་འདོད་ཀྱིས་སྒྲིག་འཛུགས་བྱས་ནས་བཏང་བའི་ཨེ་ཤེ་ཡ་ལྷོ་མའི་རྒྱལ་སྤྱིའི་ཚོང་ཟོག་ཁྲོམ་རར་ཕྱོགས་པའི་རྒྱལ་སྤྱིའི་ཟོག་འདྲེན་གྱི་གཞུང་ལམ་དང་ལྕགས་ལམ་མཉམ་འདྲེན་དུས་གཏན་མེ་འཁོར་ཐོག་མ་དེ་གཞིས་རྩེའི་མེ་འཁོར་འབབ་ཚུགས་ནུབ་མར་འབྱོར་བ་སོགས་མཚོན་རྟགས་རང་བཞིན་གྱི་འཕེལ་རིམ་རབ་དང་རིམ་པ་ལས་གཞིས་རྩེ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་ནས་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་གནས་ཀྱི་ནུས་པ་རགས་ཙམ་ཐོན་པ་མཚོན་ཡོད།

    ཅི་ཞིག་ནི་སྐམ་སའི་གྲུ་ཁ་ཡིན་ནམ། དེ་ནི་སྐམ་སའི་དབུས་ཁུལ་གྱི་དཔལ་འབྱོར་ལྟེ་གནས་གྲོང་ཁྱེར་དུ་མཚོ་རྒྱུད་གྲུ་ཁ་སྣུར་བསྲིང་བྱས་པ་ཞིག་ཡིན་པ་དང་དེའི་དམིགས་ཡུལ་ནི་སྐམ་སའི་དབུས་ཁུལ་དུ་རྒྱལ་སྤྱི་ཅན་གྱི་གྲུ་ཁའི་ཞབས་ཞུ་མཁོ་འདོན་བྱས་ནས་ས་ཁོངས་ཀྱི་དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། སྐམ་སའི་གྲུ་ཁ་བརྒྱུད། སྐམ་སའི་དབུས་ཁུལ་གྱི་དངོས་ཟོག་མཚོ་རྒྱུད་གྲུ་ཁའི་དངོས་ཟོག་དང་འདྲ་བར་སྟབས་བདེའི་རྒྱལ་སྤྱིའི་ཚོང་དོན་ཞབས་འདེགས་ལོངས་སུ་སྤྱོད་ཆོག་ལ་ཟོག་འགྲེམས་ཀྱི་ལས་ཆོད་ཀྱང་ཆེ་རུ་གཏོང་ཐུབ།

    གཞིས་རྩེ་ནི་ནེ་པ་ལ་དང་། རྒྱ་གར། འབྲུག་ཡུལ་བཅས་རྒྱལ་ཁབ་གསུམ་དང་ས་འབྲེལ་ཡིན་ཞིང་། དེ་ནི་རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་འབྱེད་པའི་ལམ་བུ་གལ་ཆེན་ཞིག་རེད་ལ། རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་འཁྲུག་ཆ་དོད་ཤོས་ཀྱི་ས་ཁུལ་ཞིག་ཀྱང་རེད། བོད་ལ་ཁྱོན་སྐམ་སའི་འགག་སྒོ་6ཡོད་པའི་ནང་གཞིས་རྩེར་5ཡོད་པ་དང་དེའི་ནང་སྐྱིད་གྲོང་དང་འགྲམ་གྱི་རྒྱལ་སྤྱིའི་རང་བཞིན་གྱི་འགག་སྒོ་གཉིས་ཚུད་ཡོད་པ་རེད། དེར་བརྟེན་གཞིས་རྩེར་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་འཛུགས་སྐྲུན་བྱེད་པའི་ལེགས་ཆ་མངོན་གསལ་དོད་པོ་ཡོད།

    གཞིས་རྩེ་གྲོང་ཁྱེར་གྱིསསྔ་རྗེས་སུ《གཞིས་རྩེ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་སྤྱིའི་འཛུགས་སྐྲུན་འཆར་འགོད》དང《གཞིས་རྩེ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི(དཔལ་འབྱོར་གསར་སྤེལ་ཁུལ)འཆར་འགོད་ཞིབ་ཕྲ》སྒྲིག་བཟོ་བྱས་པ་དང《གཞིས་རྩེ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་2024ལོའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་ཇུས་གཞི》བཟོས་ནས་བཀྲམ་ཏེ། སྤྱི་ཡོངས་ནས་ཇུས་འགོད་བྱ་རྒྱུ་མཐའ་འཁྱོངས་དང་གཞི་གཅིག་ཅན་གྱི་ཐོག་ནས་གཞིས་རྩེ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་དང་གཞིས་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། གཞིས་རྩེ་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་ལས་དོན་པ་ལི་ཝུན་ཧྲེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། གཞིས་རྩེ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁར་ཁྱོན་མ་དངུལ་སྒོར་དུང་ཕྱུར་25.54བཏང་ནས་རྣམ་གྲངས་ཁག་16ལག་བསྟར་བྱེད་རྩིས་ཡོད་པ་དང་ད་ལོ་མ་དངུལ་སྒོར་དུང་ཕྱུར་9.69གཏོང་རྩིས་ཡོད་པ་རེད། ལག་བསྟར་རྣམ་གྲངས་ནང་ཇོ་མོ་གླང་མའི་ཞིང་ལས་ཐོན་རྫས་བསྡུ་འགྲེམས་དང་ཟོག་འགྲེམས་སྡེབ་སྐྱེལ་ལྟེ་གནས་ཀྱི་རྨང་གཞིའི་རྣམ་གྲངས་རབ་དང་རིམ་པ་ཕུད། ད་དུང་ཀྲུང་གོ་གསོག་འཇོག་འབྲུ་རིགས་དོ་དམ་ཚོགས་པ་ཚད་ཡོད་ཀུང་སི་གཞིས་རྩེ་ཐད་གཏོགས་མཛོད་ཁང་ཚད་ཡོད་ཀུང་སིའི་འབྲུ་རིགས་བཀར་འཇུག་སོགས་ཚོང་འགུགས་མ་འདྲེན་རྣམ་གྲངས་ཁག་3ཚུད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།