“དྲུག་ཅུ་དབུ་དཀར་བྱ་སྤྱོད”ཀྱི་དང་བླངས་པས་མང་ཚོགས་མི་ཐེངས་དུང་ཕྱུར་4ལྷག་ཙམ་ལ་ཞབས་འདེགས་ཞུས་པ།
གསར་འགོད་པར་དམངས་སྲིད་པུའུ་དང་རྒྱལ་ཡོངས་ན་རྒས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། རྒྱལ་ཡོངས་སུ“དྲུག་ཅུ་དབུ་དཀར་བྱ་སྤྱོད”ནང་ཞུགས་མཁན་གྱི་རྒན་རྒོན་དང་བླངས་པ་བསྡོམས་རྩིས་བརྒྱབ་ན་མི་ཐེངས་ཁྲི་700ལྷག་ཙམ་ཟིན་ཡོད་པ་དང་། རོགས་སྐྱོར་རྣམ་གྲངས་4000ལྷག་ཙམ་སྤེལ་ཏེ་མང་ཚོགས་མི་ཐེངས་དུང་ཕྱུར་4ལྷག་ཙམ་ལ་ཕན་པ་བསྐྲུན་ཡོད་པ་རེད།
“དྲུག་ཅུ་དབུ་དཀར་བྱ་སྤྱོད”ནི་རྒྱལ་ཡོངས་ན་རྒས་ལས་དོན་ཨུ་ལྷན་གྱིས་2003ལོ་ནས་སྤེལ་བའི་རྒན་རྒོན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་ཞིག་ཡིན་པ་དང་། གཙོ་བོ་ཁྱབ་ཁོངས་ཁག་གི་རིགས་གཅིག་མཁས་ཅན་རྒན་གྲས་དང་དགེ་རྒན་ཆེ་མོ་བ་རྒན་གྲས་སྒྲིག་འཛུགས་བྱས་ནས་དར་རྒྱས་འགྲོ་འགོར་བའི་ས་ཁུལ་ལ་རོགས་སྐྱོར་བྱ་རྒྱུ་ཡིན་པ་རེད།
རྒྱ་ཆེའི་རྒན་རྒོན་དང་བླངས་པས་རྒྱལ་ཁབ་ཀྱི་ནུབ་རྒྱུད་ཐོན་འབྱེད་ཆེ་མོ་དང་། དབུལ་སྒྲོལ་འགག་སྒྲོལ། གྲོང་གསེབ་དར་རྒྱས་བཅས་འཐབ་ཇུས་ཀྱི་འབོད་སྐུལ་དང་ལེན་ཧུར་ཐག་གིས་རིག་སྟོབས་ཀྱི་ལེགས་ཆ་དང་ལག་རྩལ་ཐད་ཀྱི་དམིགས་བསལ་དགེ་མཚན་བཏོན་ཏེ། ཞིང་སྐྱོར་སློབ་སྐྱོར་དང་བདེ་ཐང་ཞབས་ཞུ་སོགས་ཀྱི་སྤྱི་ཕན་བྱ་སྤྱོད་སྤེལ་ནས་དར་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཕུལ་ནས་ཀྲུང་གོའི་རྒན་རྒོན་གྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད།
འདི་ལོའི་ཟླ་9པར། རྒྱལ་ཡོངས་ན་རྒན་ལས་དོན་ཨུ་ལྷན་གྱིས《དུས་རབས་གསར་པའི“དྲུག་ཅུ་དབུ་དཀར་བྱ་སྤྱོད”གཏིང་ཟབ་སྤེལ་བའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་སྟེ། རྒྱ་ཆེའི་རྒན་རྒོན་ཚོས“དྲུག་ཅུ་དབུ་དཀར་བྱ་སྤྱོད”སོགས་དང་བླངས་ཞབས་ཞུའི་བྱེད་སྒོར་ཞུགས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར“དྲུག་ཅུ་དབུ་དཀར་གྱི་སྟོབས་ཤུགས”སྐྱེས་སུ་འབུལ་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཡོད། བསམ་འཆར་ནང“དྲུག་ཅུ་དབུ་དཀར་བྱ་སྤྱོད”ཁྲོད་ཞུགས་མཁན་བྱེད་པོ་གཙོ་བོ་རྒན་རྒོན་ཤེས་ལྡན་པ་ནས་རྒན་རྒོན་ཡོངས་ལ་རྒྱ་སྐྱེད་གཏོང་རྒྱུ་དང་། བྱེད་སྒོའི་བརྗོད་དོན་གཙོ་བོ་རོགས་སྐྱོར་གཙོ་བོར་བྱས་པ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་རྒྱ་སྐྱེད་གཏོང་རྒྱུ་གསལ་པོར་བསྟན་ཡོད། དེ་དང་དུས་མཚུངས་སུ། རིག་སྟོབས་ཀྱི་རོགས་སྐྱོར་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དང་། གཞི་རིམ་བཅོས་སྐྱོང་དང་སྤྱི་ཚོགས་ཞབས་ཞུ་གསར་གཏོད་ཐོག་ནས་སྤེལ་རྒྱུ། དཔེ་སྟོན་རྣམ་གྲངས་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ། བྱེད་སྒོའི་ནང་ཞུགས་པའི་ཐབས་ལམ་རྒྱ་སྐྱེད་ནུས་ལྡན་གཏོང་རྒྱུ། དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ། སྤུས་རྟགས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་རྒྱུ་བཅས“དྲུག་ཅུ་དབུ་དཀར་བྱ་སྤྱོད”ཀྱི་ལས་འགན་ཆེན་པོ་དྲུག་ཏུ་བྱ་རྒྱུ་གསལ་པོར་བཏོན་ཡོད་པ་རེད།