ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་སྐབས་136པའི་ཐོག་ཚོང་དོན་སྐུལ་སྤེལ་བྱེད་སྒོ་ཐེངས་750ལྷག་ཙམ་སྤེལ་རྒྱུ་ཡིན་པ།
ཟླ་10ཚེས་15ནས་ཟླ་11ཚེས་4ཉིན་བར་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་སྐབས་136པ་ཀོང་ཀྲོའུ་རུ་སྤེལ་རྒྱུ་རེད། ཟླ་10ཚེས་10ཉིན་གྱི་ཕྱི་དྲོ་གསར་འགོད་པར་ཀྲུང་གོ་ཕྱི་ཕྱོགས་ཚོང་དོན་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། སྐབས་འདིའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་ཐོག་ཚོང་དོན་སྐུལ་སྤེལ་བྱེད་སྒོ་ཐེངས་750ལྷག་ཙམ་སྤེལ་ནས་འགྲེམས་ཞུགས་ཁེ་ལས་ལ་མངགས་ཐོ་བརྟན་པོ་ཡོང་བ་དང་ཁྲོམ་ར་རྒྱ་སྐྱེད་གཏོང་རོགས་བྱ་རྒྱུ་རེད།
ཀྲུང་གོ་ཕྱི་ཕྱོགས་ཚོང་དོན་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲུའུ་ཧྲི་ཅ་ཡིས་ངོ་སྤྲོད་བྱས་པར། སྐབས་འདིའི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་ཀྱི་དྲ་ཕྱིའི་འགྲེམས་ཞུགས་ཁེ་ལས་ཁྲི་3ལྷག་ཙམ་ཟིན་པའི་ནང་ཕྱིར་གཏོང་འགྲེམས་ཞུགས་ཁེ་ལས་ཁྲི་2.94ཙམ་ཡོད་པ་དེ་སྐབས་གོང་མ་ལས་ཁེ་ལས་800ཙམ་མང་དུ་ཕྱིན་ནས་ས་གནས་ས་ཐོག་ཏུ་ཐོན་རྫས་གསར་པ་ཁྲི་115འགྲེམས་སྟོན་བྱ་རྒྱུ་དང་། དྲ་ཐོག་གི་འགྲེམས་ཞུགས་ཐད། མིག་སྔར་ཁེ་ལས་ཁྲི་4.8ཙམ་གྱིས་འགྲེམས་རྫས་ཁྲི་375ཙམ་དྲ་ཐོག་ཏུ་བཀྲམ་ཡོད་པས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
ཟླ་10ཚེས་9ཉིན་བར་རྒྱལ་ཁབ་དང་ས་ཁུལ་203ནས་ཡོང་བའི་མངའ་ཁོངས་ཕྱིའི་ཉོ་སྒྲུབ་ཚོང་པ་ཁྲི་12.5ཡིས་སྔོན་ཚུད་ནས་ཐོ་འགོད་བྱས་པ་དང་གོ་ལ་ཧྲིལ་པོའི་སིལ་ཚོང་སྟོབས་ཆེན་250ཡི་ཁེ་ལས་དང་རྒྱལ་ཁབ་ཁག་དང་ས་ཁུལ་ཁག་གི་ཚོང་པ་ཆེན་པོ་223ཚོགས་སྒྲིག་འགྲེམས་ཞུགས་བྱ་རྒྱུ་གཏན་འཁེལ་བྱས་ཡོད། ཁྲུའུ་ཧྲི་ཅས། མངའ་ཁོངས་ཕྱིའི་ཉོ་སྒྲུབ་ཚོང་པས་སྔོན་ཚུད་ནས་ཐོ་འགོད་བྱེད་ཚད་དང་། ཨར་ཁང་སྔོན་མངགས་བྱེད་ཚད། དུས་གཏན་གནམ་གྲུ་སྔོན་མངགས་བྱེད་ཚད་སོགས་ཀྱི་སྟོན་གྲངས་ནས་བལྟས་ཚེ། ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་ཚོང་ཟོག་ཚོང་འདུས་སྐབས་136པའི་མངའ་ཁོངས་ཕྱིའི་ཉོ་སྒྲུབ་ཚོང་པ་འགྲེམས་ཞུགས་བྱེད་ཚད་སྤུས་འབོར་གཉིས་ལྡན་ངང་མཐོ་རུ་འགྲོ་རེ་ཡོད་ཅེས་བརྗོད།