དཔའ་བོ་དཔེ་བཟང་ལ་སློབ་སྦྱོང་བྱས་ནས་འབད་འཐབ་ཀྱི་སྟོབས་ཤུགས་རྒྱས་པར་བྱེད་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་གནང་བའི་མཛད་སྒོར་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75སོང་ཚུན“ཟིལ་རླབས་དགུང་དུ་འཕྱུར་བའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུའི་ཁྲོད་འཐབ་ཕྱོགས་ཁག་ཏུ་དཔའ་བོ་དཔེ་བཟང་མང་པོ་ཐོན་ཡོད” “ཁོང་ཚོའི་སྔོན་ཐོན་བྱས་རྗེས་དང་མངོན་གསལ་དོད་པའི་ལེགས་སྐྱེས་དེ་དག་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་དེབ་ཐེར་ཐོག་ནམ་ཡང་འཁོད་ངེས་ཡིན་པས་ལྷག་བསམ་དང་། མཐའ་འཁྱོངས། བབ་ཆགས་བཅས་ཀྱི་ཁོང་ཚོའི་ཕུལ་བྱུང་གཤིས་རྒྱུད་ལ་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སློབ་སྦྱོང་བྱེད་འོས་པ་ཞིག་ཡོད”ཅེས་གསུངས་ཡོད།
དཔའ་བོ་དཔེ་བཟང་ནི་མི་རིགས་ཀྱི་བཀྲག་མདངས་ཆེ་ཤོས་ཀྱི་གནས་ཚད་ཅིག་རེད། དཔའ་བོ་གྲངས་མེད་ཐོན་ན། ཏང་དང་མི་དམངས་ཀྱི་བྱ་གཞག་དར་རྒྱས་གོང་འཕེལ་དང་ནམ་ཡང་ཉམས་པ་མེད་པར་གྱུར་ཐུབ། རང་རྒྱལ་འདི་ཉིད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་སླེབས་པས་དཔའ་བོའི་ཚོགས་སྤྱི་དང་དཔའ་བོ་ཁྲི་སྟོང་མང་པོས་མིག་དཔེའི་ནུས་པ་འདོན་པ་དང་མཐུན་སྒྲིལ་འབད་འཐབ་དང་འབད་འབུངས་མདུན་སྐྱོད་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་མཉམ་དུ་གཏོད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། རྒྱལ་ཁབ་སྟོབས་ཆེན་དུ་འགྱུར་བའི་ཕུགས་འདུན་འཆང་དགོས་ཤིང་། མི་ཞིག་ལ་ཕུགས་འདུན་མང་པོ་ཡོད་ཆོག་མོད། འོན་ཀྱང་མི་ཚེའི་གལ་ཆེ་ཤོས་ཀྱི་ཕུགས་འདུན་ནི་མེས་རྒྱལ་དང་མི་དམངས་དང་མཉམ་དུ་འབྲེལ་དགོས། ང་ཚོས་རྟག་ཏུ་རྒྱལ་ཁབ་ཀྱི་འབྱོར་ཕྱུག་སེམས་ལ་འཆང་བ་དང་མི་དམངས་ལ་བདེ་སྐྱིད་ལྡན་པའི་རེ་སྒུག་བྱས་ནས་ཐན་ཀོན་སན་དང་། ཁུང་ཧྥན་སེན། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་བཅས་དང་འདྲ་བར་ལྷག་བསམ་ཟོལ་མེད་ཀྱིས་རྒྱལ་ཁབ་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་ཕུགས་འདུན་བཅངས་ཏེ་སྒེར་གྱི་དོན་ཆུང་དོར་ནས་རྒྱལ་ཁབ་ཀྱི་དོན་ཆེན་བསྒྲུབས་ཏེ་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་གཙང་སྒྲུབ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་མི་སྒེར་གྱི་རིན་ཐང་མངོན་འགྱུར་དང་མི་ཚེའི་ཉམས་འགྱུར་མངོན་པར་བྱེད་དགོས། རྒྱལ་ཁབ་སྟོབས་ཆེན་དུ་འགྱུར་བར་བྱེད་པའི་རྩལ་ནུས་སྦྱོང་དགོས་ཤིང་། ང་ཚོས་དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་འཚམ་པར་བྱས་ནས་ཤེས་བྱ་གསར་པ་སློབ་སྦྱོང་དང་། རྩལ་ནུས་གསར་པ་ཁོང་དུ་ཆུད་པ། འཇོན་ཐང་ངོ་མ་སྦྱོང་བ་བཅས་བྱས་ཏེ་ལས་རིགས་གཅིག་བྱས་ན་དེར་དགའ་ཞེན་དང་ལས་རིགས་གཅིག་ལ་བརྩོན་ཞིབ་བྱས་ན་དེ་བྱང་ཆུབ་པར་བྱས་ནས“ས་བོན་གྱི་དགེ་རྒན་ཆེ་མོ”ཀྲུང་ཡང་དང“ཞིང་པའི་ཡོན་ཀྲང”ཉི་མ་བཀྲ་ཤིས་དང་འདྲ་བར་ས་མཐོའི་ས་གཞི་ཆེ་མོར་དཔྱད་རྩོམ་བྲིས་ཏེ་ལས་སྒྲུབ་ལས་གཏོད་ལ་མཁས་པའི་ལས་གནས་ཀྱི་འཇོན་ཐང་ཅན་དང་བྱང་གོམས་ཅན་ཞིག་ཏུ་ཧུར་ཐག་འགྱུར་བ་བྱེད་དགོས། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་བྱས་རྗེས་འཇོག་དགོས་ཤིང་། རླབས་ཆེན་ནི་སྤྱིར་བཏང་ལས་བྱུང་བ་དང་། དཔའ་བོ་དཔེ་བཟང་ནི་མི་དམངས་ལས་བྱུང་བ་ཞིག་ཡིན་པས་ང་ཚོས་སྤྱིར་བཏང་མིན་པའི་དཔའ་བོ་དཔེ་བཟང་གི་སྙིང་སྟོབས་དེ་སྤྱིར་བཏང་གི་ལས་གནས་ཐོག་མངོན་པར་བྱས་ཏེ་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱི་ལོ་རྒྱུས་ཀྱི་རང་འགུལ་དང་བདག་པོའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ཡར་རྒྱས་བརྩོན་ལེན་དང་། དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ། ཕུལ་བྱུང་དོན་གཉེར། ཡག་ཐོག་ཡག་བརྩེགས་བཅས་བྱས་ཏེ་གམ་པ་ལའི་དཔའ་བོའི་ལེ་ཏ་ས་ཚིགས་དང་ས་མཐོའི་མཐའ་སྲུང་དཔེ་བཟང་དམག་སྒར་ལྟར་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་འཇོག་པ་དང་། འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། སྒྱུར་བཅོས་ཀྱི་དཀའ་གནད་སེལ་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་ཐད་མི་ཚང་མ་ཧ་ལས་དགོས་པ་ཞིག་བྱེད་དགོས།
ད་ཆ་ང་ཚོ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་དམིགས་ཚད་མངོན་འགྱུར་ཡོང་བ་དང་ལོ་རྒྱུས་ཐོག་གི་དུས་སྐབས་གང་ཞིག་ལས་ཀྱང་བར་ཐག་དེ་བས་ཉེ་བ་དང་། ཡིད་ཆེས་དེ་བས་ཆེ་བ། ནུས་པ་དེ་བས་ཆེ་བ་བཅས་ཡོད། ང་ཚོའི་དམིགས་ཡུལ་འགྲུབ་པར་དཔའ་བོ་དང་དཔེ་བཟང་དགོས་པ་དང་། དཔའ་བོའི་སྙིང་སྟོབས་དགོས། ང་ཚོས་ཀྲུང་ཧྭ་མི་རིགས་དང་ཀྲུང་གོའི་མི་དམངས་ལ་ལེགས་སྐྱེས་ཕུལ་མཁན་དཔའ་བོ་དཔེ་བཟང་བ་མཐའ་དག་སེམས་ལ་བརྟན་པོར་ངེས་ནས་དཔའ་བོ་དཔེ་བཟང་ལ་བརྩི་མཐོང་དང་། དཔའ་བོ་དཔེ་བཟང་ལ་སློབ་སྦྱོང་། དཔའ་བོ་དཔེ་བཟང་སྲུང་སྐྱོང་། དཔའ་བོ་དཔེ་བཟང་ལ་གཅེས་སྐྱོང་བཅས་བྱས་ཏེ་སེམས་མཐུན་སྟོབས་སྒྲིལ་གྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།