ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་དུས་ཚིགས་གསུམ་པའི་བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོའི་མིང་བྱང་ཁྱབ་བསྒྲགས་བྱས་པ།
ཉིན་ཤས་གོང་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་2024ལོའི་དུས་ཚིགས་གསུམ་པའི་བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོའི་མིང་བྱང་ཁྱབ་བསྒྲགས་བྱས་ཤིང་། དྲ་བའི་ཐོག་དོ་ཁུར་བྱེད་ཚད་དང་ས་གནས་ཁག་དང་ཚན་པ་ཁག་གི་འོས་སྦྱོར་བསམ་འཆར་ལ་ཕྱོགས་བསྡུས་དཔྱད་ཞིབ་བྱས་པར་གཞིགས་ན། བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོ་52གཟི་བརྗིད་མིང་བྱང་ནང་ཚུད་ཡོད་པ་རེད།
མིང་བྱང་ནང་ཚུད་པའི་བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོའི་གྲས་སུ། དཔའ་ངར་ཞུམ་མེད་ངང་ཉེན་ཁ་འཕྲད་པའི་མང་ཚོགས་བསྐྱབས་ཏེ་གཟི་བརྗིད་ངང་རང་སྲོག་བློས་གཏོང་བྱེད་མཁན་ལོན་ལིའུ་ཝུའེ་དང་། ཀྲའོ་ཅིན། ལི་ཆིང་ཞུའེ། ཞ་ཁྲོན་ཧྥུང་། མེའོ་ཅན། ཤེ་ཧྥུ་ཆང་། ཝུའེ་ཀྲེ་ཧུའེ་སོགས་ཡོད་ལ། དཔའ་ངར་ཆེན་པོས་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་དང་འཐབ་རྩོད་བྱེད་མཁན་ལིའུ་ཞིན་དབྱི་དང་། ཀྲང་ཝེ་ཅན། ཀྲང་མོང་སོགས་ཡོད། ཁོང་ཚོས་བློ་སྟོབས་དང་ཐ་ན་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཆེད་ཟངས་གྱང་ལྕགས་རྩིག་ཅིག་བསྐྲུན་ནས། ང་ཚོར་སྤྱིར་བཏང་ཁྲོད་ནས་རླབས་ཆེན་འོད་སྟོང་མཐོང་དུ་བཅུག་ཡོད། དཔའ་བོ་ཚོའི་བདེན་པའི་རྒྱབ་ལངས་ཀྱི་བྱ་སྤྱོད་ལ་ས་གནས་ཁག་དང་ཚན་པ་ཁག་གི་དཔེ་མཚོན་གལ་ཆེན་འདེམས་པའི་ལམ་སྲོལ་ལ་བརྟེན་ནས་དུས་ཐོག་ཏུ་གཏན་འཁེལ་བྱས་ཏེ་བྱ་དགའ་སྤྲད་པ་དང་འཚམས་འདྲི་བྱས་པར་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་རྒྱ་ཁྱབ་ཐོབ་ནས། ཟླ་བ་བདུན་པ་ནས་དགུ་པའི་བར་གྱི་དྲ་ཐོག་འཚོལ་བཤེར་བྱེད་མང་ཤོས་སུ་གྱུར་བ་དང་སྨྱན་སྦྱོར་གསར་པའི་གླེང་མང་བའི་མིང་གྲལ་གྱི་ཨང་དང་པོ་ནས་གསུམ་པའི་བར་ཐེངས་མང་ཚུད་ཡོད་པ་རེད།
བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོ་འདེམས་པའི་བྱེད་སྒོ་ནི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་ཀྲུང་ཧྭ་བདེན་པའི་རྒྱབ་ལངས་ཐེབས་རྩ་ལྷན་ཚོགས་ཀྱིས་གཉེར་འགན་འཁུར་བ་ཞིག་རེད། 2022ལོའི་ཟླ་9པ་ནས་བཟུང་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་མིང་བྱང་ཐེངས་8ཁྱབ་བསྒྲགས་བྱས་པ་དང་ཁྱོན་བདེན་པའི་རྒྱབ་ལངས་བྱེད་མཁན་དཔའ་བོ་440མིང་བྱང་ནང་ཚུད་ཡོད་པ་རེད།