《ཀྲུང་གོའི་མི་བཟང》ཞེས་པའི་དམིགས་བསལ་ལེ་ཚན་གྱིས་མི་ཕལ་པའི་བྱ་བཟང་ལས་བཟང་ལ་བསྔགས་བརྗོད་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་9ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། 《ཀྲུང་གོའི་མི་བཟང》ཞེས་པའི་དམིགས་བསལ་ལེ་ཚན་ཚེས་9ཉིན་གྱི་དགོང་མོ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་སྤྱི་ཚོགས་དང་ཁྲིམས་ལུགས་འཕྲིན་ལམ་ནས་ཐོག་མར་བསྟན་ཞིང་། ལེ་ཚན་དེའི་ནང་ཉེ་འགྲམ་གྱི་མི་བཟང་12ཀྱི་སྤྱིར་བཏང་མིན་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་པ་དེའི་དམིགས་ཡུལ་ནི་བདེན་ལེགས་མཛེས་གསུམ་དང་དྲང་ནུས་བརྒྱུད་བསྒྲགས་དང་སྲོལ་གསར་དར་སྤེལ་བཏང་ནས་ཡར་བརྩོན་དགེ་སྒྲུབ་ཀྱི་འབད་འབུངས་སྙིང་སྟོབས་འཕེལ་བར་བྱ་རྒྱུ་དེ་རེད།
ལེ་ཚན་ནང་། ཐོག་ཁར་འཛེགས་ཏེ་མེ་ལྕེའི་ཁྲོད་ལུས་པའི་བུ་མོ་སྐྱོབ་མཁན་གྱི་དམག་ཞབས་ཐིམ་པའི་དམག་མི་ཞུས་ལེང་དང་། དམག་སྡེའི་ཞིང་རར་ལོ་36སྡོད་མྱོང་བའི་འབྲུ་རིགས་ཞིབ་འཇུག་པ་དབྱང་ཀྲི་ཀང་། འོས་འགན་ངང་སྐྲ་བཞར་ནས་ལོ་55སོང་བའི་ལོ་བརྒྱད་ཅུར་སླེབས་པའི་ཏང་ཡོན་རྒན་གྲས་ཀྲའོ་ཞའོ་ཧྥེང་། སྤོ་བོ་ལགས་འཁུར་ནས་ལྕགས་རི་རིང་པོར་འཛེག་མཁན་90ནང་སྐྱེས་ཀྱི་བུ་མོ་ཀྲང་དབྱིང་ཤན། ཨ་ཧྥེ་རི་ཁ་ཤར་མར་སྐྱོད་མཁན“ཀྲུང་གོའི་སྨན་པ་བཟང་པོ”ཝུའུ་མིང་ཤན་སོགས་ཀྱིས་བདེན་པའི་རྒྱབ་ལངས་དང་། གཞན་ཕན་ལ་དགའ་བ། ལས་བཀུར་ལེགས་སྐྱེས། ཁ་དན་ཚིག་གནས། རྒན་བཀུར་གཉེན་གཅེས་བཅས་ཀྱི་གཏམ་རྒྱུད་བརྗོད་ཡོད། ཁོང་ཚོས་བྱ་སྤྱོད་དངོས་ལ་བརྟེན་ནས་གཅེས་སེམས་ཆེན་པོ་མཚོན་པ་དང་། བརྟན་སྲུང་ལ་བརྟེན་ནས་འགན་འཁུར་མཚོན་པ། བྱ་བཟང་ལ་བརྟེན་ནས་མི་སེམས་ལ་དྲོ་སྐྱིད་སྦྱིན་པ་བཅས་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་གིས་2008ལོ་ནས་བཟུང་དྲ་ཐོག་ཏུ“ངས་ཉེ་འགྲམ་གྱི་མི་བཟང་འོས་སྦྱོར་དང་དཔྱད་གླེང་བྱེད”ཅེས་པའི་བྱེད་སྒོ་སྤེལ་ནས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་བཏང་ཞིང་། མིག་སྔར“ཀྲུང་གོའི་མི་བཟང་གི་མིང་བྱང”ནང་ཁྱོན་མི(ཚོགས་ཆུང)ཁྲི་1.7ཚུད་ཡོད།