དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྒྱལ་སྟོན་ངལ་གསོའི་རིང་མཚོ་སྔོན་གྱི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་27.6ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-10-12

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་སྟོན་ངལ་གསོའི་རིང་། མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཁོངས་གཏོགས་ཀྱིས་ལས་རེས་སྡོད་བྱའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། ཁྲོམ་རའི་ཁྲིམས་སྒྱུར་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་པ། ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ། སྣ་མང་ཕུན་སུམ་ཚོགས་པའི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྤེལ་བ། རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་གསོན་ཤུགས་རྒྱུན་མཐུད་འཕེལ་བ་བཅས་བྱས་ཏེ། རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་288.2ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་27.6ཟིན་པ་དེ་དུས་མཚུངས་ལས་26.8%དང་29.3%སོ་སོར་འཕར་ཡོད།

    གསར་འགོད་པར་མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་གསར་པ་དང་། ལྗོངས་རྣམ་གསར་པ། ལས་རྣམ་གསར་པ་བཅས་ཧུར་ཐག་བཏོད་དེ་རྒྱ་ཆེའི་ཡུལ་སྐོར་བའི་སྤུས་ཚད་ཅན་དང་རང་གཤིས་ཅན་གྱི་དགོས་མཁོ་གང་ལེགས་བསྐངས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བར་རྟེན་འབྲེལ་ཞུ་བར་དམིགས་ཏེ། གསར་བརྗེའི་ཡུལ་སྐོར་ལམ་ཐིག་རྩེ་གྲ་ཁག་5ཇུས་འགོད་བྱས་ནས་བཏོན་པ་དང་། རིག་གནས་བྱེད་སྒོ་ཐེངས་375སྤེལ་བར་མང་ཚོགས་མི་ཐེངས་ཁྲི་51.64ལ་ཕན་པ་ཐོབ་ཡོད།

    ཞིང་ཆེན་ཡོངས་ཀྱི་རིམ་ཁག་དཔེ་མཛོད་ཁང་དང་། རྟེན་མཛོད་ཁང་། རིག་གནས་ཁང་བཅས་རྒྱུན་གཏན་ལྟར་རིན་མེད་དུ་སྒོ་ཕྱེ་ནས་དམངས་ཕན་འཁྲབ་སྟོན་དང་། སྒྱུ་རྩལ་བརྩམས་ཆོས་འགྲེམས་སྟོན། ལུས་རྩལ་འགྲན་བསྡུར། གསོ་སྦྱོང་འཆད་ཁྲིད། དཔེ་ཀློག་ཁྱབ་གདལ་སོགས་གཙོ་གནད་རིག་གནས་ཡུལ་སྐོར་བྱེད་སྒོ་ཁག་140ལྷག་ཙམ་སྤེལ་ཡོད། གཞས་མ་གཏམ་དང་ལ་གཞས་སོགས་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་དང་འགྲེམས་འཁྲབ་ཐེངས་73བྱས་པར་མང་ཚོགས་མི་ཐེངས་ཁྲི་13གྱི་ཡིད་དབང་བཀུག་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་ཁག་རྟེན་མཛོད་ཁང་གིས་སྣ་མང་ཕུན་སུམ་ཚོགས་པའི་སྤྱི་ཚོགས་སློབ་གསོའི་བྱེད་སྒོ་ཐེངས་21སྤེལ་བར་ལྟ་སྐོར་བྱེད་མཁན་མི་ཐེངས་ཁྲི་11.36ལྷག་ཙམ་ཟིན་ཡོད། ཞིང་ཆེན་རྟེན་མཛོད་ཁང་གིས་ལས་གཉེར་དུས་ཚོད་རིང་དུ་གཏོང་བ་དང་། དང་བླངས་ཀྱི་ཞབས་འདེགས་ཞུ་བ། འགྲེམས་སྟོན་དང་སྒྲིག་གཤོམ་གྱི་ཇུས་འགོད་ལེགས་སུ་གཏོང་བ་སོགས་བྱས་ཏེ། རིམ་རྩིས་བརྒྱབ་ན་ལྟ་སྐོར་བ་མི་ཐེངས་ཁྲི་4.09ལ་སྣེ་ལེན་ཞུས་ཡོད། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་ཡུལ་སྐོར་མཛེས་ལྗོངས་ཁུལ་དང་། ཡུལ་སྐོར་ལམ་ཐིག སྐར་མ་རིམ་པའི་གསོལ་མགྲོན་ཁང་། རིག་གནས་ཡུལ་སྐོར་ཐོན་རྫས་སོགས་ཚུད་པའི་རིག་གནས་ཡུལ་སྐོར་འཛད་སྤྱོད་འཛིན་ཤོག་སྒོར་ཁྲི་100སྤྲད་དེ་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།