ཟླ་དང་པོ་ནས་བརྒྱད་པའི་བར་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་8000ལྷག་ཙམ་བཏང་ཟིན་པ།
གསར་དུ་ལས་འགོ་ཚུགས་པའི་ཆུ་བེད་རྣམ་གྲངས་ཀྱི་གྲངས་འབོར་དུས་མཚུངས་ལས་18.7%འཕར་བ།
གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་དང་པོ་ནས་བརྒྱད་པའི་བར་རྒྱལ་ཡོངས་ཀྱི་ཆུ་བེད་འཛུགས་སྐྲུན་ཐད་དོན་འཁྱོལ་བྱས་ཟིན་པ་དང་བཏང་ཟིན་པའི་མ་དངུལ་དང་། ལག་བསྟར་བྱས་པའི་ཆུ་བེད་ལས་གྲྭའི་གྲངས་འབོར། ལས་ཞུགས་མི་གྲངས་སོགས་ཚང་མ་ན་ནིང་གི་དུས་མཚུངས་ལས་བརྒལ་ཡོད། དེའི་ནང་ཆུ་བེད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་8019.4བཏང་ཟིན་པ་དེ་དུས་མཚུངས་ལས་10.7%འཕར་ཡོད།
ཆུ་བེད་ལས་གྲྭ་གལ་ཆེན་ཁག་གཅིག་སྐྲུན་མགྱོགས་སུ་བཏང་བ། ཟླ་དང་པོ་ནས་བརྒྱད་པའི་བར་ཆུ་བེད་ལས་གྲྭ་གལ་ཆེན་ཁག་37གསར་དུ་ལས་འགོ་ཚུགས་ཤིང་། རྨ་ཆུའི་ཀུའུ་ཞན་ཆུ་བེད་ལྟེ་བའི་ལས་གྲྭ་སྐྲུན་འགོ་ཚུགས་པ་དང་། ཀྲུའུ་ཅང་གཙང་པོའི་ཟུར་གསུམ་ཁུལ་གྱི་ཆུའི་ཐོན་ཁུངས་བཀོད་སྒྲིག་ལས་གྲྭའི་ཆུ་ལམ་ཡོངས་ལ་ཆུ་འདྲེན་ཐུབ་པ། བར་དམ་ཆུའི་ཧོང་ཚང་དགོན་གྱི་ཆུ་བེད་ལྟེ་བའི་ལས་གྲྭ་དང་ནང་སོག་གི་ཏུང་ཐའེ་ཙི་ཆུ་མཛོད་ཀྱི་ཆུ་སྒོ་བརྒྱབ་ནས་ཆུ་གསོག་པ། ལྷོ་ཆུ་བྱང་འདྲེན་དབུས་ལམ་གྱི་འབྲི་ཆུ་དྲངས་ཏེ་ཧན་ཅང་གཙང་པོར་གསབ་པ་དང་ཧོའེ་ཧོ་གཙང་པོ་མཚོ་ལ་འབབ་པའི་ཆུ་ལམ་གྱི་དུས་ཐེངས་གཉིས་པ་སོགས་རྒྱལ་ཁབ་ཀྱི་ཆུ་བེད་དྲ་བའི་ལས་གྲྭ་གལ་ཆེན་ལག་བསྟར་བྱེད་མགྱོགས་སུ་བཏང་ཡོད། རྒྱལ་བུན་མང་དུ་བཏང་ནས་ཆུ་བེད་འཛུགས་སྐྲུན་རྣམ་གྲངས་7800ལྷག་ཙམ་བཀོད་སྒྲིག་བྱས་པར་མ་དངུལ་སྒོར་དུང་ཕྱུར་3037.7བཏང་ཟིན་ཡོད།
ཆུ་བེད་འཛུགས་སྐྲུན་ཐད་ལས་ཞུགས་མི་གྲངས་མུ་མཐུད་འཕར་བ། ཟླ་དང་པོ་ནས་བརྒྱད་པའི་བར་ཆུ་བེད་རྣམ་གྲངས་ཁྲི་4.2ལག་བསྟར་བྱས་པ་དེ་དུས་མཚུངས་ལས་14.1%འཕར་ཡོད། དེའི་ནང་ལས་འགོ་གསར་ཚུགས་ཀྱི་རྣམ་གྲངས་ཁྲི་2.8ཡོད་པ་དེ་དུས་མཚུངས་ལས་18.7%འཕར་ཡོད། གཞི་ཁྱོན་ཆེ་བའི་ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་ལས་ཞུགས་ལས་གནས་ཧུར་ཐག་བཏོད་པ། ཟླ་བརྒྱད་པའི་ཟླ་མཇུག་བར། ཆུ་བེད་རྣམ་གྲངས་སྐྲུན་པར་མི་ཁྲི་209.8ལས་ཞུགས་ཐུབ་པ་དེ་དུས་མཚུངས་ལས་6.9%འཕར་བ་དང་དེའི་ནང་གྲོང་གསེབ་ཀྱི་ངལ་ནུས་མི་ཁྲི་169.6བསྡུ་ལེན་བྱས་པ་དེ་དུས་མཚུངས་ལས་10.4%འཕར་ཡོད།
ཞིང་ལས་ཀྱི་ཆུ་མཁོ་འདོན་ལས་གྲྭ་དང་ཞིང་ཆུ་འདྲེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་བ། ཟླ་8པའི་ཟླ་མཇུག་བར་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭའི་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར་930བཏང་ནས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་ཁག་ཁྲི་1.77སྐྲུན་འགོ་ཚུགས་པ་དང་ཞིང་ཆེན་རིམ་པའི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་ཚང་མ་པར་འགྲེམས་དང་ལག་ལེན་བསྟར་ཡོད། ཀྲུང་དབྱང་གི་སྔོན་རྩིས་དང་། ཀྲུང་དབྱང་ནོར་སྲིད་ཀྱི་ཆུ་བེད་གོང་སྤེལ་མ་དངུལ། དེ་བཞིན་རྒྱལ་བུན་འཕར་འགྲེམས་སོགས་ཀྱི་ཐབས་ལམ་བརྒྱུད་དེ་ཞིང་ཆུ་འདྲེན་ཁུལ་གྱི་རྣམ་གྲངས་ཁག་1300ལྷག་ལ་རྒྱབ་སྐྱོར་བྱས་པ་དང་ཀྲུང་དབྱང་གི་རྒྱབ་སྐྱོར་མ་དངུལ་སྒོར་དུང་ཕྱུར་སྟོང་ལས་བརྒལ་ཡོད། མིག་སྔའི་བར་ལོ་ཧྲིལ་པོར་ཞིང་ཆུ་འདྲེན་ཁུལ་འཛུགས་སྐྲུན་ལ་ཀྲུང་དབྱང་ནས་མ་དངུལ་སྒོར་དུང་ཕྱུར་600ལྷག་ཙམ་བཏང་ཡོད།