མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་བསྐྲུན་ནས་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་སྲུང་སྐྱོང་བྱས་པ།
ཟླ་དགུ་པར་རྨ་ཆུའི་ཆུ་འགོ་ནས་སེར་ཐིང་ངེར་གནས་པའི་སྟོན་ཁའི་རང་མདངས་ཡོངས་སུ་མངོན་ཞིང་། ཞོགས་པར། འབྲོག་པ་ཆོས་རྒྱལ་སྦག་སྦག་བཞོན་ནས་རྨ་ཆུའི་ཆུ་འགོའི་མཚོ་སྐྱ་རེངས་ལ་སྐོར་སྲུང་བྱེད་དུ་བསྐྱོད།
ཆོས་རྒྱལ་གྱིས་རྒྱང་རིང་གི་རྩྭ་ར་ཞིག་ལ་མཛུབ་མོ་བཙུགས་ནས་གསར་འགོད་པར“དེ་ནི་སྔོན་ཆད་ང་ཚོ་ཕྱུགས་འཚོ་ས་ཡིན། ད་ཆ་གྲོང་ཚོའི་ནང་ཕྱུགས་འཚོ་མཁན་མེད། དུད་ཚང་ཚང་མར་ང་དང་འདྲ་བའི་སྐྱེ་ཁམས་སྲུང་སྐྱོང་བ་རེ་ཡོད་ལ་ཟླ་རེར་ཡོང་འབབ་སྒོར་1800རེ་ཡོད”ཅེས་བཤད།
མཚོ་སྔོན་ཞིང་ཆེན་ནི་རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་མཚོན་བྱེད་རང་བཞིན་ཆེ་ཤོས་ལྡན་པའི་ས་ཁོངས་ཤིག་ཡིན་ལ། འདི་ག་ནས་ལོ་ལྟར་ཆུ་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་600ལྷག་ཙམ་ཐོན་གྱི་ཡོད་པ་རེད།
ས་གནས་དེ་གའི་འབྲོག་པའི་འཚོ་བའི་འགྱུར་ལྡོག་ནི་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་སྲུང་སྐྱོང་བྱས་པའི་གྲུབ་འབྲས་ཤིག་ཡིན། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་རང་རྒྱལ་གྱིས་བཙུགས་པའི་སྤྱི་གླིང་ཁག་དང་པོ་དང་རྒྱ་ཁྱོན་ཆེ་ཤོས་ཀྱི་རྒྱལ་ཁབ་སྤྱི་གླིང་དུ་གྱུར་ཡོད། མདོ་ལ་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་གི་ཡོད། མིག་སྔར། མཚོ་སྔོན་འདི་ཉིད་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་གསུམ་སྐྲུན་བཞིན་པའི་ཞིང་ཆེན་འབའ་ཞིག་ཏུ་གྱུར་ཡོད།
གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ། ས་གནས་དེ་གའི་སྲིད་གཞུང་སྡེ་ཚན་གྱི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། གཙང་གསུམ་ཆུ་འགོ་ཁུལ་གྱི་ཆུ་གཟུགས་དང་འདམ་རའི་སྐྱེ་ཁམས་མ་ལག་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་309ཆེ་རུ་ཕྱིན་པ་དང་། ཆུ་རྩ་གསོ་འཁྱོངས་བྱེད་ཚད་ལོ་རེར་ཆ་སྙོམས་6%ཡན་འཕར་བ། འབྲི་ཆུ་དང་། རྨ་ཆུའི་ཆུ་གཞུང་ཨ་མ། རྫ་ཆུ་བཅས་ཞིང་ཆེན་ནས་ཐོན་པའི་བཅད་ངོས་ཀྱི་ཆུ་སྤུས་རིམ་པ་IIདང་དེ་ཡན་རྒྱུན་འཁྱོངས་ཐུབ་པ། ཆུ་རྩ་གསོ་འཁྱོངས་ནུས་པ་དང་ཞབས་ཞུའི་ཕན་ནུས་རྒྱུན་མཐུད་ཆེ་རུ་ཕྱིན་པ་བཅས་རེད།
གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སུན་ལི་ཅུན་གྱིས། 2000ལོར་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་པ་ནས་2021ལོར་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པའི་བར་གྱི་ལོ་20ལྷག་ཙམ་རིང་། གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། སྲུང་སྐྱོང་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ། སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ། སྐྱེ་ཁམས་སྲུང་སྐྱོང་ཁོ་ན་བྱེད་པ་ནས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་སྤྱི་འདོམས་བྱེད་པའི་བར་གྱི་དུས་མཚམས་གསར་པར་སླེབས་ཡོད་ཅེས་བཤད།
མཚོ་སྔོན་པོ་ནི་རང་རྒྱལ་གྱི་སྐམ་སའི་དབུས་ཁུལ་གྱི་ཚྭ་མཚོ་ཆེ་ཤོས་དེ་ཡིན་ལ། སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་70ལྷག་ཙམ་ཟིན་པའི་མཚོ་སྔོན་ཞིང་ཆེན་གྱི་མིང་ཡང་དེར་བརྟེན་ནས་ཐོགས་པ་རེད།
2002ནས་2023ལོའི་བར། མཚོ་སྔོན་པོའི་ཙོང་ཉའི་ཐོན་ཁུངས་ལྡབ་46ཙམ་འཕར་བ་དེ་ནི་སྲིད་གཞུང་དང་ས་གནས་དེ་གའི་འབྲོག་པས་ཐུན་མོང་ཐོག་འབད་བརྩོན་དང་སྲུང་སྐྱོང་བྱས་པའི་གྲུབ་འབྲས་ཤིག་རེད།
“ཙོང་ཉ་སྲུང་སྐྱོང་བྱེད་པ་ནི་མཚོ་སྔོན་པོ་སྲུང་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་བྱེད་པ་ཞིག་ཡིན” ལོ་56ལ་སླེབས་པའི་ཏའེ་ཧོན་ཧྲེང་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་ཁྱོན་འཁྱིལ་ཤང་བྱིན་མཆོག་གྲོང་ཚོ་ནས་ཡིན་ཞིང་། 1985ལོ་ནས་བཟུང་ཏའེ་ཧོན་ཧྲེང་གིས་གྲོང་ཚོའི་ཡུལ་མི་ཚོ་དང་མཉམ་དུ་ཉ་བཟུང་ནས་འཚོ་བ་སྐྱེལ་གྱི་ཡོད།
མདོ་ལ་རིང་མོ་ནི་རང་རྒྱལ་གྱི་འཁྱགས་རོམ་དང་ཆུ་རྩ་གསོ་འཁྱོངས་ཀྱི་སྐྱེ་ཁམས་ནུས་པའི་ཁུལ་གལ་ཆེན་ཞིག་དང་མཚོ་བོད་ས་མཐོ་དང་ས་སེར་མཐོ་སྒང་སྦྲེལ་བའི་བགྲོད་ལམ་གལ་ཆེན་ཞིག་རེད་ལ། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”སྲུང་སྐྱོང་དང་རྨ་ནུབ་དོག་ལམ་གསོ་འཁྱོངས་བྱེད་པའི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་རེད། མཚོ་སྔོན་པོའི་བྱང་ངོགས་ཀྱི་མཚོ་སྔོན་ཞིང་ཆེན་མཚོ་བྱང་ཀྲོའུ་ནི་མདོ་ལ་རྒྱལ་ཁབ་སྤྱི་གླིང་གི་མཚོ་སྔོན་ཁུལ་གྱི་ལྟེ་བའི་ས་ཁོངས་ཤིག་རེད། 2017ལོར་མདོ་ལ་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ཕྱོགས་ཡོངས་ནས་བྱེད་འགོ་ཚུགས་པ་རེད།
མིག་སྔར། རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་ནི། མཚོ་སྔོན་གྱིས་རང་བྱུང་སྲུང་སྐྱོང་ཁུལ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལག་ལེན་གལ་ཆེན་ཞིག་རེད།
མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར། མིག་སྔའི་བར་མཚོ་སྔོན་གྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་40926.6ཟིན་པ་དེས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་སྤྱིའི་རྒྱ་ཁྱོན་གྱི་39.16%བཟུང་ཞིང་། དེའི་ནང་རྒྱལ་ཁབ་སྤྱི་གླིང་གིས་ཞིང་ཆེན་ཡོངས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་གྱི་75.68%བཟུང་ནས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་རྨང་གཞིར་བྱེད་པ། རང་བྱུང་སྤྱི་གླིང་སྣ་ཚོགས་ཁ་གསབ་ཏུ་བྱེད་པ་བཅས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གསར་པ་རགས་ཙམ་ཆགས་ཡོད་པ་རེད།