དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མངའ་རིས་ས་ཁུལ་གྱི་ལྗིད་ཤུགས་ཆུ་རགས་དང་པོ་ཡིན་པའི་རབ་རྒྱས་གླིང་ཆུ་མཛོད་ཀྱི་ལས་གྲྭར་སྔ་སྣུར་དུ་ཆུ་སྒོ་བརྒྱབ་ནས་ཆུ་བསགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-10

    ཉེ་ཆར། ཀྲུང་གོ་ཆུ་གློག་རྨང་གཞི་ཅུས་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བའི་མངའ་རིས་ས་ཁུལ་གྱི་ལྗིད་ཤུགས་ཆུ་རགས་དང་པོ་ཡིན་པའི་བོད་ལྗོངས་རབ་རྒྱས་གླིང་ཆུ་མཛོད་ལས་གྲྭས་གན་རྒྱའི་ལས་ཡུན་དང་བསྡུར་ན་ལོ་གཅིག་གིས་སྔ་སྣུར་དུ་ཆུ་སྒོ་བརྒྱབ་ནས་ཆུ་གསོག་འགོ་ཚུགས་ཡོད།

    རབ་རྒྱས་གླིང་ཆུ་མཛོད་ལས་གྲྭ་ནི་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་བྱང་རྩེ་ཤང་གི་ཁོངས་སུ་གནས་ཤིང་། ས་བབ་མཐོ་ཚད་སྨི་4167.5ཟིན་པ་དང་ཆུ་མཛོད་ཀྱི་ཆུ་རགས་ཧྲིལ་པོ་ཨར་འདམ་ལྕགས་རྩིབས་མས་བསྐྲུན་པས་གྲུབ་ཆ་དང་ཨར་སྐྲུན་སྟབས་བདེ་ཡིན་ལ་སྤྱི་ཡོངས་ཅུང་བརྟན་པོ་ཡོད་སྟབས། ཡུལ་དེ་གའི་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་ནུས་ལྡན་སོང་ཡོད།

    ལས་གྲྭ་དེ་ནི་ས་ཁོངས་ཀྱི་ཆུའི་ཐོན་ཁུངས་ལེགས་སྒྲིག་སྒྲིག་བཀོད་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་ཞིང་། ལས་གྲྭ་བསྐྲུན་ཟིན་རྗེས་རྩྭ་མདའ་རྫོང་བྱང་རྩེ་ཤང་དང་བསྟི་ཡག་ཤང་གི་སྲིད་འཛིན་གྲོང་ཚོ་3གྱི་མི་500ལྷག་ཙམ་གྱི་ཞིང་ཆུ་འདྲེན་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ནས། མུའུ་ཁྲི་3.14ཡི་ཞིང་ཁར་ཞིང་ཆུ་འདང་ངེས་འགན་ལེན་ཐུབ་རྒྱུ་མ་ཟད། ཡུལ་དེ་གའི་འབྲུ་རིགས་ཀྱི་ཐོན་འཕར་དང་། ཞིང་འབྲོག་པའི་འབབ་འཕར། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ལ་ནུས་པ་ཧ་ཅང་ཆེན་པོ་ཐོན་རྒྱུ་རེད།

    ལས་གྲྭ་དེ་2023ལོའི་ཟླ་5ཚེས་15ཉིན་སྐྲུན་འགོ་ཚུགས་ཚུན། འཛུགས་སྐྲུན་ཚོགས་པས་ཨར་སྐྲུན་མི་སྣ་བརྒྱ་ཕྲག་ཁ་ཤས་སྒྲིག་འཛུགས་བྱས་ནས་ཨར་སྐྲུན་དང་མྱུར་ཚད་ཚན་རིག་དང་མཐུན་པའི་ངང་སྤྱི་འདོམས་བཀོད་སྒྲིག་བྱས་ཤིང་། ཉིན་400ལྷག་ཙམ་རིང་འབད་འཐབ་བྱས་པ་བརྒྱུད། སྤུས་ཚད་ལེགས་པ་དང་ཕན་འབྲས་ཆེ་བའི་སྒོ་ནས་འཛུགས་སྐྲུན་ལས་འགན་ཁག་བསྒྲུབས་ཡོད། འཛུཌ་སྐྲུན་བྱེད་རིང་རྣམ་གྲངས་པུས་རིམ་རྩིས་བྱས་ན་ཞིང་འབྲོག་པ་མི་ཐེངས་301ལས་མིར་བསྡུས་པ་དང་། ལྗོངས་ནང་ཁུལ་གྱི་སློབ་ཆེན་སློབ་མ་3ལས་ཞུགས་ཐུབ་པར་བྱས་པ། ཡུལ་དེ་གའི་འཕྲུལ་འཁོར་དང་སྒྲིག་ཆས་41སྤྱད་ཡོད་པས། རྣམ་གྲངས་སྤེལ་ཡུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།