2024ལོའི་ཉིང་ཁྲི་གྲོང་ཁྱེར་གྱི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོ་མཇུག་འགྲིལ་བ།
ཉེ་ཆར། ཉིང་ཁྲི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2024ལོའི་ཉིང་ཁྲི་གྲོང་ཁྱེར་གྱི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོ་ཉིང་ཁྲིའི་ཡར་ཀླུང་གཙང་པོའི་ཚོགས་འདུའི་ལྟེ་གནས་སུ་བདེ་བླག་ངང་མཇུག་འགྲིལ་བ་རེད།
ད་རེས་ཀྱི་འགྲན་བསྡུར་ཆེན་པོར“གྲུབ་འབྲས་འགྲེམས་སྟོན་དང་། རྣམ་གྲངས་གསལ་འགྲེལ། དཔྱད་ཞིབ་ཨུ་ཡོན་གྱིས་དྲི་བ་འདོན་པ་དང་དཔྱད་བརྗོད་བྱེད་པ”བཅས་ཀྱི་བྱེད་ཐབས་སྤྱད་པ་དང་། བསྡོམས་སྐར་མ་100བཟོས་ཏེ་བདམས་ཐོན་པས་རྒྱན་བསྒྲུགས་ནས་རིམ་པ་བཞིན་དུས་ཚོད་སྐར་མ་6ནང་ཚུན་དུ་རང་རང་གི་རྣམ་གྲངས་གསལ་འགྲེལ་བྱས་ཤིང་། རིགས་གཅིག་མཁས་ཅན་དང་དཔྱད་ཞིབ་ཨུ་ཡོན་གྱིས་བདམས་ཐོན་པར་དྲི་བ་བཏོན་རྗེས་བདམས་ཐོན་པས་སྐར་མ་4ཡི་རིང་ལན་རྒྱག་དགོས་ཀྱི་ཡོད། ད་རེས་ཀྱི་འགྲན་བསྡུར་ཆེན་པོར་རྒྱལ་ནང་གི་ལས་རིགས་དང་། མཐོ་སློབ་དང་སློབ་གླིང་། དེ་བཞིན་མ་དངུལ་འདུ་གཏོང་སྒྲིག་གཞི་སོགས་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་7མཐའ་བསྡུར་གྱི་དཔྱད་ཞིབ་ཚོགས་པའི་ནང་གདན་དྲངས་ཡོད།
མཐའ་བསྡུར་ནང་ཚུད་པའི་རྣམ་གྲངས་10ཡིས་ས་གནས་ས་ཐོག་ཏུ་འགྲན་རྩོད་དྲག་པོ་བྱས་པ་བརྒྱུད། མཐར་སྟག་མ་ལའི་མངོན་མིན་རིག་གནས་ཤུལ་བཞག་གི་གཟིམ་སྤོས་རྒྱུན་འཛིན་ཉམས་ལེན་ཁང་གི་རྣམ་གྲངས་ལ་འགྲན་བསྡུར་ཆེན་པོའི་བྱ་དགའ་ཨང་དང་པོ་ཐོབ་པ་དང་། ཞེན་ཆགས་གཞིས་ཀ་དང་མར་ཁུ་པའི་བོད་ཆས་ཏེ། བོད་ཀྱི་རྒྱན་གོས་རིག་གནས་རྒྱུན་འཛིན་དང་ཐོན་ལས་ཅན་གྱི་རྣམ་གྲངས་2ལ་འགྲན་བསྡུར་ཆེན་པོའི་བྱ་དགའ་ཨང་གཉིས་པ་ཐོབ་པ། བོད་སྨན་གྱི་ལུས་ཁམས་ཤ་རིད་སྡེབ་སྒྲིག་དངོས་པོའི་ནུས་པ་ཞིབ་འཇུག་གསར་སྤེལ་དང་། མེ་ཏོག་རྫོང་གི་རྒུན་འབྲུམ་སྐྱུར་རྩིའི་སོན་འདྲེན་ཚོད་ལྟ། ཀའོ་ཨན་མི་མེད་གནམ་གྲུའི་ཆ་འཕྲིན་ཚད་ཡོད་ཀུང་སི་བཅས་ཀྱི་རྣམ་གྲངས་3ལ་འགྲན་བསྡུར་ཆེན་པོའི་བྱ་དགའ་ཨང་གསུམ་པ་ཐོབ་ཡོད།
2015ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་པོ་ཁག་ཐེངས་དྲུག་བདེ་བླག་ངང་སྤེལ་བར། དེ་ནི་ཉིང་ཁྲི་གྲོང་ཁྱེར་གྱི་གསར་གཏོད་ཀྱི་འཁོར་འབྲེལ་དང་། ཐོན་ལས་ཀྱི་འཁོར་འབྲེལ། མ་དངུལ་གྱི་འཁོར་འབྲེལ། ཤེས་ལྡན་པའི་འཁོར་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་ཐུབ་པར་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ད་ལོའི་འགྲན་བསྡུར་ཆེན་པོར་ལྗོངས་ཕྱི་ནང་གི་མཐོ་སློབ་ཆེ་ཁག་དང་། ཚན་ཞིབ་སྒྲིག་གཞི། ཁེ་ལས་དང་དེ་བཞིན་ལས་གཏོད་ཚོགས་པ་བཅས་ཀྱི་རྣམ་གྲངས་68ཀྱིས་འགྲན་ཞུགས་ཀྱི་མིང་ཐོ་བཀོད་པའི་ཁྲོད། གྲོང་ཁྱེར་ནང་ཁུལ་གྱི་ལས་གཏོད་རྣམ་གྲངས་ཀྱིས་78%བཟུང་བ་དང་གྲོང་ཁྱེར་ཕྱིའི་ལས་གཏོད་རྣམ་གྲངས་ཀྱིས་22%བཟུང་ནས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་དང་། བོད་ལུགས་གསོ་རིག་དང་བོད་སྨན། རིག་གནས་ཡུལ་སྐོར། ནུས་རྒྱུ་གཙང་མ། དེང་རབས་ཞབས་ཞུ། གྲངས་འཛིན་ཚན་རྩལ་སོགས་ཁྱབ་ཁོངས་མང་པོར་ཁྱབ་ཡོད་པ་རེད།