བོད་ཀྱིས་རིམ་རྩིས་བྱས་ན་ནུས་རྒྱུ་གཙང་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་146ཕྱིར་བཏང་བ།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་9ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་གསར་འགོད་པས“བོད་ཀྱི་གློག་ཤུགས་འཕེལ་རྒྱས་གྲུབ་འབྲས”ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2015ལོ་ནས་བཟུང“བོད་གློག་ཕྱིར་གཏོང”ཐེངས་དང་པོ་བྱས་ཚུན། འདི་ལོའི་ཟླ་8ཚེས་30ཉིན་བར་བོད་ཀྱིས་རིམ་རྩིས་བྱས་ན་ནུས་རྒྱུ་གཙང་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་146ཕྱིར་གཏོང་བྱས་པ་དེ་དག་རང་རྒྱལ་གྱི་ཤར་རྒྱུད་དང་། དབུས་རྒྱུད། བྱང་རྒྱུད། ནུབ་བྱང་། ལྷོ་ནུབ་སོགས་ས་ཁུལ་དུ་ཁྱབ་ནས་གློག་གཏོང་སའི་ཞིང་ཆེན་གྱི་ཚད་ལྡན་རྡོ་སོལ་སྤྱོད་ཚད་ཏུན་ཁྲི་448ཙམ་ཉུང་དུ་བཏང་བ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་1117དང་དབྱང་གཉིས་མུ་ཟི་འབུད་ཚད་ཏུན་ཁྲི་34ཙམ་ཉུང་དུ་བཏང་ཡོད་པ་རེད།
ཞིང་འབྲོག་ཁུལ་གྱི་གློག་སྤྱོད་དགོས་མཁོ་སྐོང་ཆེད། གློག་མེད་པའི་ས་ཁུལ་གྱི་གློག་ཤུགས་འཛུགས་སྐྲུན་སྒྱུར་བཀོད་དང“རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར་གྱི‘ལོ་གཉིས་ཀྱི་འགག་སྒྲོལ་དམག་འཐབ’“བོད་ཀྱི‘ཁུལ་གསུམ་དང་ཀྲོའུ་གསུམ’གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གློག་དྲ་འཛུགས་སྐྲུན”སོགས་དམངས་ཕན་ལས་གྲྭ་བརྒྱུད། བོད་ཀྱི་གློག་དྲ་གཙོ་བོའི་གློག་མཁོ་འདོན་དེ་2012ལོའི་རྫོང(ཆུས)40ནས་2023ལོར་ལྗོངས་ཡོངས་ཀྱི་རྫོང་74(གྲོང་ཁྱེར་དང་ཆུས)དང་ཤང་གྲོང་གཙོ་བོར་ཁྱབ་ནས། གློག་མཁོ་འདོན་མི་འབོར་ཁྲི་175ནས་ཁྲི་350ལྷག་ཙམ་བར་མང་དུ་ཕྱིན་ཏེ་གློག་མཁོ་འདོན་ཐད་བློས་འགེལ་ཆོག་ཚད་99.48%བར་མཐོ་རུ་ཕྱིན་ཡོད་པ་རེད།