ཉིང་ཁྲི་གྲོང་ཁྱེར་གྱིས་སྤོ་བོ་རྫོང་ཚོད་ལྟར་བྱས་ཏེ“ཉམས་ཞན་གྲོང་ཚོ་མི་ལྷག་པའི”ཐབས་གསར་འཚོལ་ཞིབ་བྱས་པ།
གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་སྒུལ་ཤུགས་འཕེལ་བར་བྱས་པ།
གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་གྱི“ཉམས་ཞན་གྲོང་ཚོ་མི་ལྷག་པ”བྱེད་པ་ནི(གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི“ཁོག་སྟོང་གྲོང་ཚོ”ཕྱོགས་ཡོངས་ནས་གཙང་སེལ་དང“ཉམས་ཞན་གྲོང་ཚོ”རིམ་སྤོར་བྱ་རྒྱུ་དེ་ཡིན)གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། དེ་གར་ལས་གཏོད་ཀྱི་དཀའ་ཚེགས་ཡོད་ལ་གསར་གཏོད་ཀྱི་གསོན་ཤུགས་ཀྱང་ལྡན་པ་དང་། དཀའ་སྤྱད་འབད་འབུངས་ཀྱི་ཤུལ་ཡོད་ལ་གྲུབ་འབྲས་ཀྱི་སྤྲོ་སྣང་ཡང་ཡོད།
ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གཡུ་ཕུག་ཤང་དུ་དེ་སྔ་མཉམ་སྡེབ་ཡོང་འབབ་གང་ཡང་མེད་པའི“ཉམས་ཞན་གྲོང་ཚོ”5ཡོད་པ་དང་། ད་ཆ་ཐོན་ཁུངས་མཉམ་སྤྱོད་རྣམ་པའི་འཕེལ་རྒྱས་གཏོང་སྟངས་བརྒྱུད། རི་ཐང་སྦག་སྦག་གི་ཡུལ་སྐོར་རྣམ་གྲངས་འགན་གཙང་བླངས་ནས་གཉེར་སྐྱོང་བྱས་པས་གྲོང་ཚོའི་མཉམ་སྡེབ་ལ་ལོར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་10བྱུང་ཡོད།
“ཉམས་ཞན་གྲོང་ཚོ་མི་ལྷག་པའི”བརྒྱུད་རིམ་ནང་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་པ་དེས་གལ་འགངས་ཆེ་བའི་ནུས་པ་ཐོན་ཡོད། དེའི་ཐད་ཆུ་མདོ་གྲོང་རྡལ་བཀྲ་ཤིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་མགོན་པོར་མྱོང་ཚོར་ཟབ་མོ་ཡོད།
བཀྲ་ཤིས་གྲོང་ཚོ་ནི་ཡུལ་གཞན་ནས་གནས་སྤོས་བྱས་པའི་གྲོང་ཚོ་ཞིག་ཡིན་པས་ས་ཆའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་མོད། འོན་ཀྱང་སྔར་ནས་ད་བར་ཐོན་ཁུངས་ཀྱི་ལེགས་ཆ་དེ་འཕེལ་རྒྱས་ཀྱི་གྲུབ་འབྲས་སུ་བསྒྱུར་མི་ཐུབ་པར་བརྟེན“ཉམས་ཞན་གྲོང་ཚོའི”ཞྭ་མོ་ཡུན་རིང་ཕུད་ཐུབ་མེད། “ཐོན་ཁུངས་ཡོད་ཀྱང་ཐོན་ལས་ཞན་པ་དང་བསམ་ཕྱོགས་མེད་པའི”གྲོང་ཚོའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི“དབུལ་རྐྱེན”ཇི་ལྟར་སེལ་རྒྱུ་དེ་ཚེ་རིང་མགོན་པོའི་སེམས་ནད་ཅིག་ཏུ་གྱུར་ཡོད།
ཕྱིར་སློབ་སྦྱོང་དང་གསོ་སྦྱོང་བྱེད་པར་འགྲོ་བའི་གོ་སྐབས་དང་བསྟུན་ནས། ཚེ་རིང་མགོན་པོས་གྲོང་ཚོའི་ཏང་ཀྲི་པུའི་ཁོངས་མིའི་སྣེ་ཁྲིད་དེ་དོ་དམ་དང་གཉེར་སྐྱོང་བྱེད་སྟངས་སློབ་སྦྱོང་བྱས། གྲོང་ཚོས་རང་འགུལ་ངང་གྲོང་རྡལ་ཏང་ཨུད་དང་། གྲོང་རྡལ་སྲིད་གཞུང་། རྫོང་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་གཏུག་སྦྲེལ་མཐུད་བྱས་ཏེ་ནང་སོག་གི་ཞོག་ཁོག་འདེབས་འཛུགས་ཁེ་ལས་ནང་འདྲེན་བྱས་པ་དང་། ས་ཞིང་བརྒྱུད་བཤུག་ལ་བརྟེན་ནས་འགན་གཙང་བླངས་པའི་ས་ཞིང་མུའུ་450ལྷག་ཙམ་ཁེ་ལས་ལ་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་བྱེད་དུ་བཅུག་པས་ལོར་འབབ་འཕར་སྒོར་ཁྲི་30ཙམ་བྱུང་ཡོད། དེ་དང་ཆབས་ཅིག་མང་ཚོགས་འདེབས་འཛུགས་ལས་དོན་ནང་ཧུར་ཐག་ཞུགས་རྒྱུར་སྐུལ་ཁྲིད་བྱས་པས་གྲོང་མིའི་ཡོང་འབབ་ཆེས་ཆེར་འཕར་ཡོད།
འདི་ལོ་ནས་བཟུང་། ཉིང་ཁྲི་གྲོང་ཁྱེར་གྱིས་ཐུན་མོང་ཕྱུག་འགྱུར་གྱི་དཔེ་སྟོན་ཁུལ་གཏོད་པའི་དམིགས་ཚད་ལ་དམ་པོར་དམིགས་ནས། སྤོ་བོ་རྫོང་ཚོད་ལྟར་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་དང་ཁྲོམ་རའི་དགོས་མཁོར་གཞི་ཚུགས་ནས“ཉམས་ཞན་གྲོང་ཚོ་མི་ལྷག་པའི”སྤུས་ཚད་མཐོར་གཏོང་གི་རྣམ་པ་དང་། ཡོང་འབབ་མཐོ་རུ་གཏོང་སྟངས། རྩ་འཛུགས་ཀྱི་རྣམ་པ་བཅས་འཚོལ་ཞིབ་ཀྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཕྱོགས་སྒྱུར་རིམ་སྤོར་དང་། སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་ཡོད། མིག་སྔའི་བར་སྤོ་བོ་རྫོང་གི“ཉམས་ཞན་གྲོང་ཚོ་མི་ལྷག་པའི”བྱ་སྤྱོད་ལས་མཉམ་སྡེབ་དཔལ་འབྱོར་རྣམ་གྲངས་24གྲབས་གསོག་བྱས་པར་ཁྱོན་མ་དངུལ་སྒོར་ཁྲི་4000ལྷག་ཙམ་བཏང་བ་དེ་འདེབས་འཛུགས་གསོ་ཚགས་དང་། ཚོང་ལས་སྡེ་ལས། ཐོན་སྐྱེད་ཞབས་ཞུ། སྐྱེ་ཁམས་ཡུལ་སྐོར་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་དང་། རྫོང་དེའི“ཡོང་འབབ་མེད་པའི་གྲོང་ཚོ”5དང“ཉམས་ཞན་གྲོང་ཚོ”27གྱི་མཉམ་སྡེབ་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་ཁྱབ་འགྱེད་སྣེ་ཁྲིད་ཐུབ་ཡོད།
སྤོ་བོ་རྫོང་གྲོང་ཁྱེར་མ་འཇོག་ཀུང་སིས་མ་དངུལ་སྒོར་ཁྲི་698བསྡུ་སྒྲིལ་བྱས་ནས་ལག་བསྟར་བྱས་པའི་ཁང་པའི་ཁེ་ཕན་མཉམ་སྤྱོད་ཀྱི་རྣམ་གྲངས་དང་ཕྱི་རོལ་གྱི་བརྡ་སྦྱོར་བྱང་བུའི་རྣམ་གྲངས་ལ་ལོ་ལྟར་ཁེ་བཟང་སྒོར་ཁྲི་80ལྷག་ཙམ་ཡོང་གི་ཡོད་པ་མ་ཟད། རྣམ་གྲངས་ཀྱི་ཁེ་བཟང་ཚང་མ་ཁང་ཡུལ་དང་། བྲག་སྐས། གཡུ་ཤུལ། རྡོ་རྗེ་བཅས་ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་4ཡི་མཉམ་སྡེབ་དཔལ་འབྱོར་གྱི“ཡོང་འབབ་མེད་པའི་གྲོང་ཚོ”དང“ཉམས་ཞན་གྲོང་ཚོ”15ལ་སྐྱོང་ལན་འཇལ་བ་དང་། ཐ་སྐྱོང་ཁེ་སྤོགས་བགོ་བཤའ་རྒྱག་པ་དང་རོགས་སྐྱོར་བྱ་ཐབས་ལ་བརྟེན་ནས་ཐག་རིང་ལུང་ཁུག་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་འཕེལ་བར་བྱས་ཡོད།