རང་ལྗོངས་ཀྱི་དབུལ་པོ་བསྐྱར་ལོག་གི་ཉེན་ཡོད་མི་སྣའི་ཁྲོད་ནད་ཀྱིས་རྐྱེན་པས་དབུལ་པོ་བསྐྱར་ལོག་བྱེད་ཚད་རྒྱལ་ཡོངས་ཀྱི་དམའ་ཤོས་ཡིན་པ།
རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་42.31དམའ་བ་ཡོད་པ།
གསར་འགོད་པས་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། ཉེ་ཆར་ཀྲུང་གོ་མི་འབོར་དང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱིས་རྒྱལ་ཡོངས་ཀྱི་བདེ་ཐང་དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་སྒུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ཁྱབ་བསྒྲགས་བྱས་པ་རེད། རང་ལྗོངས་ཀྱིས་དུད་ཚང་རིགས་གསུམ(དབུལ་སྒྲོལ་བརྟན་པོ་མེད་པའི་དུད་ཚང་དང་། མཐར་ལུས་ཀྱི་དབུལ་པོར་འགྱུར་སླ་བའི་དུད་ཚང་། མངོན་གསལ་དོད་ལ་ཚབས་ཆེ་བའི་དཀའ་ངལ་ཡོད་པའི་དུད་ཚང་བཅས)ལ་ལྟ་ཞིབ་ཚད་ལེན་བྱེད་པའི་ཁྲོད་ནད་ཀྱིས་རྐྱེན་པས་དབུལ་པོ་བསྐྱར་ལོག་བས་18.36%བཟུང་བ་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་42.31དམའ་བ་ཡོད་པ་རེད།
ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ནད་རིགས་དབྱེ་ནས་སྐྱོབ་བཅོས་བྱ་ཐབས་ཁྱབ་གདལ་དང་ལེགས་སུ་བཏང་ནས་རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་ནད་རིགས་30ཡི་རྨང་གཞིའི་ཐོག་ནད་རིགས་38བར་ཁྱབ་ཁོངས་སྔར་བས་རྒྱ་ཆེར་བཏང་ཡོད། དེ་དང་ཆབས་ཅིག་དབུལ་སྒྲོལ་མི་འབོར་གྱི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུར་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་འབྲེལ་ཞབས་ཞུའི་ཁྱབ་རྒྱ་ཡང་རིམ་བཞིན་རྒྱ་ཆེར་བཏང་ཡོད། ནད་ཀྱིས་རྐྱེན་པས་དབུལ་པོར་གྱུར་པ་དང་དབུལ་པོ་བསྐྱར་ལོག་གི་ཉེན་ཁ་ཡོད་པའི་མི་ཚོགས་ལ་ལྟ་ཞིབ་ཚད་ལེན་དང་ཉེན་བརྡ་གཏོང་བ་དང་གནད་སྨིན་རོགས་སྐྱོར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། དབུལ་སྒྲོལ་མི་འབོར་དང་མཐར་ལུས་ཀྱི་དབུལ་པོར་འགྱུར་སླ་བའི་མི་འབོར་གྱི་ནད་ཆེན་དང་ནད་གཞི་ལྕི་པོ་སྐྱོབ་བཅོས་བྱས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་སྐྱོབ་བཅོས་དང་དྲག་སྐྱེད་སོགས་ཀྱི་བདེ་ཐང་ཞབས་ཞུ་ཡག་པོ་བསྒྲུབས་ནས། འབྲེལ་ཡོད་སྡེ་ཚན་གྱི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལས་དོན་ཁྲོད་ཀྱི་ལས་འགན་ཁག་བགོས་དང་འགན་འཁྲི་ཁ་གསལ་བཟོས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། འདི་ལོའི་ཟླ་8པའི་ཟླ་མཇུག་བར་རང་ལྗོངས་ཀྱི་ནད་ཆེན་གཅིག་སྡུད་སྐྱོབ་བཅོས་བྱེད་ཚད་99.93%ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒལ་བ་དང་གཙོ་གནད་མི་ཚོགས་ཀྱི་ཁྱིམ་ཚང་སྨན་པའི་གན་འཇོག་ཞབས་ཞུ་བྱེད་ཚད་99.78%ཟིན་ཡོད། བདེ་ཐང་དབུལ་སྐྱོར་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་ཁྲོད་གཙོ་གནད་ལྟ་ཞིབ་ཚད་ལེན་བྱ་ཡུལ་མི་ཁྲི་4.01ཟིན་པ་དང་། རིམ་རྩིས་བྱས་ན་ནད་པ་མི་ཐེངས་ཁྲི་5.28ལ་ཞིབ་དཔྱད་དང་རོགས་སྐྱོར་བྱས་པ། གཙོ་གནད་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་དུ་ཞིབ་དཔྱད་བྱེད་ཚད་99.79%ཟིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལོ་དེ་དག་ནང་རང་ལྗོངས་ཀྱིས“སྔོན་ལ་སྨན་བཅོས་དང་རྗེས་ལ་སྨན་རིན་སྤྲོད་པའི”སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་ལམ་ལུགས་ཀྱི་ཉེན་ཁ་སྔོན་འགོག་ནུས་ལྡན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་རྫོང་ཁོངས་སུ་སྨན་ཁང་དུ་སྡོད་སྐབས“སྔོན་ལ་སྨན་བཅོས་དང་རྗེས་སུ་སྨན་རིན་སྤྲོད་པའི”སྲིད་ཇུས་ལག་བསྟར་བྱ་ཡུལ་དེ་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། དབུལ་པོ་བསྐྱར་ལོག་དང་དབུལ་འགྱུར་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་བཅས་ལ་བསྒྱུར་ནས། ནད་པ་སྨན་ཁང་དུ་སྡོད་སྐབས་གཏའ་དངུལ་སྤྲོད་མི་དགོས་པར་སྨན་ཁང་ནས་དོན་སྐབས་སྨན་བཅོས་འགན་བཅོལ་གྱི་འགྲོ་སོང་རྩིས་ཞུ་བྱས་རྗེས་ཀྱི་རང་སྤྲོད་གྲོན་དངུལ་ལས་སྤྲོད་དགོས་ཀྱི་མེད། སྨན་བཅོས་འགན་བཅོལ་གཉེར་སྒྲུབ་སྒྲིག་གཞི་དང་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་ཆ་འཕྲིན་ཕན་ཚུན་འབྲེལ་མཐུད་བྱས་ནས་སྨན་བཅོས་འགན་བཅོལ་གྱི“གཅིག་འཐུས་རྣམ་པའི”མཇུག་རྩིས་ལ་སྐུལ་འདེད་གཏོང་རྒྱུར་གཞོགས་འདེགས་བྱས་ཡོད།