རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་ཧན་ཡུས་ཀྱིས་གསུངས་དོན།
འགན་འཁྲི་ཧུར་ཐག་ཁུར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་གི་ཡིན།
རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་ཨུ་ཡོན་གྱི་འགན་བཞེས་ནས་ལོ་6ལྷག་ཙམ་སོང་རིང་། ཁོང་གིས་གཟིགས་ཞིབ་བརྟག་ཞིབ་དང་། སློབ་སྦྱོང་རྟོག་ཞིབ། ཆེད་དོན་གྲོས་མོལ་བཅས་ཀྱི་བྱེད་སྒོ་ཐེངས་40ལྷག་ཙམ་ལ་ཞུགས་པ་དང་།《ཉིང་ཁྲིའི་དོན་དངོས་དང་འཚམ་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུའི་སྐོར་གྱི་གྲོས་གཞི》དང《ལྗང་མདོག་རྒྱུན་མཐུད་འཕེལ་རྒྱས་ལ་བརྟེན་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་གྲོས་གཞི》སོགས་ཀྱི་གྲོས་གཞི་བཏོན་ནས་ས་མཐོར་ལས་རྣམ་ཧྲིལ་པོའི་གསབ་རེས་རྣམ་པའི་ཡུལ་སྐོར་བྱེད་ཐབས་འཛུགས་པར་བསམ་འཆར་དང་གྲོས་འགོ་བཏོན་པ།
ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་གྱི་སློབ་གྲྭ་ཆེ་མོ་བ་40ལྷག་ཙམ་ལ་རྒྱུན་མཐུད་ངང་རོགས་རམ་དང་གྲོང་ཚོ་དབུལ་པོའི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་རོགས་བཅས་བྱས་ཡོད།
ཁོང་ནི་བོད་རང་སྐྱོང་ལྗོངས་ཀྱི་སྐབས་བཅུ་པ་དང་བཅུ་གཅིག་པའི་སྲིད་གྲོས་ཨུ་ཡོན་དང་ཉིང་ཁྲི་རུན་ཤིན་ཁེ་ལས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧན་ཡུས་རེད།
2001ལོར་ཧན་ཡུས་ཉིང་ཁྲིར་ལས་གཏོད་བྱེད་པར་ཡོང་། ལས་གཏོད་ཀྱི་ཐོག་མའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས། ཧན་ཡུས་ཀྱིས“སྐབས་དེ་དུས་ཁྲོམ་རའི་གནས་ཚུལ་ཤེས་རྟོགས་བྱེད་སྐབས་ཉིང་ཁྲིའི་ཁྲོམ་རའི་ཁང་པ་མཛེས་བཟོའི་རྒྱུ་ཆ་དང་འཛུགས་སྐྲུན་རྒྱུ་ཆ་མི་ཉུང་བ་ཞིག་ནི་སྦགས་བཙོག་ཆེ་བ་དང་ནུས་རྒྱུ་ཟད་གྲོན་ཆེ་བའི་ཐོན་རྫས་ཡིན་པས་ཞན་ཆ་མང་པོ་ཞིག་ཡོད་པ་ཤེས་བྱུང་། ཁེ་ལས་འཕེལ་རྒྱས་ཆེན་པོ་གཏོང་དགོས་ན་ངེས་པར་དུ་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་རྒྱུར་ཞབས་འདེགས་ཞུས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས”ཞེས་གསར་འགོད་པར་བཤད།
ཉིང་ཁྲི་རུན་ཤིན་དངོས་ལས་ཚད་ཡོད་ཀུང་སིས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་རྩ་དོན་བསྲུངས་བ། ཁོར་ཡུག་སྲུང་སྐྱོང་གི་ལག་རྩལ་ཞིབ་སྤེལ་བེད་སྤྱོད་བཅས་བྱས་ཏེ་རང་སྐྱོང་ལྗོངས་ཀྱི་ཚད་ལྡན་འཛུགས་སྐྲུན་རྒྱུ་ཆའི་མ་ལག་བསྐྲུན་པར་སྐུལ་འདེད་བཏང་ནས་ཁེ་ལས་གཉེར་སྐྱོང་གི་བརྒྱུད་རིམ་ཧྲིལ་པོ་བདེ་འཇགས་དང་། གཙང་མ། ཁོར་ཡུག་སྲུང་སྐྱོང་བཅས་ཡོང་བར་བྱས་ཡོད།
དེ་དང་ཆབས་ཅིག་ཁེ་ལས་ཀྱིས་མ་དངུལ་སྒོར་ཁྲི་ཆིག་སྟོང་ཙམ་བཏང་ནས་ལྗོངས་ཕྱིའི་མཐོ་སློབ་དང་མཉམ་འབྲེལ་ཐོག“ཨར་སྐྲུན་གྱི་བེད་མེད་དང་སྙིགས་རོ་སྤྱད་དེ་ལྗང་མདོག་ས་ཕག”ཞིབ་འཇུག་གསར་སྤེལ་བྱས་པ་མ་ཟད། ཐོན་སྐྱེད་བརྒྱུད་རིམ་ཧྲིལ་པོ་བདེ་འཇགས་དང་། གཙང་མ། ཁོར་ཡུག་སྲུང་སྐྱོང་བཅས་ལྡན་པས། སྦགས་བཙོག་ཆེ་བ་དང་ནུས་རྒྱུ་ཟད་གྲོན་ཆེ་བའི་ཐོན་རྫས་མེད་པར་བཟོས་པ་དང་སྲོལ་རྒྱུན་གྱི་ས་ཕག་ཐོན་སྐྱེད་ཀྱི་བཙོག་འབུད་མང་བའི་རྣམ་པར་འགྱུར་ལྡོག་བཏང་བ་རེད།
ཧན་ཡུས་ཀྱིས་ཐོག་མཐའ་བར་གསུམ་དུ་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཁེ་ལས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་རྨང་རྡོ་ལྟ་བུར་བརྩིས་ནས་ཀྲི་པུའུ་འཛུགས་པ་དང་། དཔུང་ཁག་སྟོབས་ཆེར་གཏོང་བ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཁེ་ལས་ཐོན་སྐྱེད་གཉེར་སྐྱོང་དང་རིག་གནས་འཛུགས་སྐྱོང་ཁྲོད་བཞག་པས་ཀུང་སིའི་རྒྱ་རིགས་དང་། བོད་རིགས། ཧུད་རིགས། མོན་པ་རིགས། ལྷོ་པ་རིགས། ལི་སུའུ་རིགས་སོགས་མི་རིགས་10ལྷག་ཙམ་གྱི་ལས་བཟོ་400ལྷག་ཙམ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱིས་མཉམ་དུ་བྱ་གཞག་གཏོད་བཞིན་ཡོད།
སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ། ཀུང་སིའི་གོང་འོག་ཚང་མས་ནུས་ཤུགས་ཡོད་རྒུས་ལྟེ་བར་ཞབས་འདེགས་ཞུ་བ་དང་། དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་བརྟན་པོར་བསྲུངས་བ། མི་སེམས་རྒྱ་ཁྱབ་གཅིག་སྒྲིལ་བཅས་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ས་གནས་དེ་གའི་ལྟེ་བའི་ལས་དོན་དང་མཉམ་དུ་འཕེལ་རྒྱས་ཡོང་བར་བྱས་ཡོད། ཧན་ཡུས་ཀྱིས་བཙུགས་པའི་ཁེ་ལས་ལ་སྔ་རྗེས་སུ་རྒྱལ་ཁབ་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་རིམ་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་བརྒྱ་ཙམ་ཐོབ་ཡོད་ལ། སྤྱི་ཚོགས་ལས་རིགས་ཁག་གིས་སྤྲད་པའི་གོས་དར་བརྒྱ་ཕྲག་ཁ་ཤས་ཐོབ་ཅིང་། ཁེ་ལས་ལ་རང་སྐྱོང་ལྗོངས་རིམ་པའི“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ”ཀྱི་མཚན་སྙན་ཐེངས་གཉིས་ཐོབ་ཡོད།
ཁེ་ལས་གཅིག་གིས་ཕྱོགས་གཅིག་གི་ཐོན་ལས་སྣེ་ཁྲིད་བྱེད་པ་དང་། ཕྱོགས་གཅིག་གི་ཐོན་ལས་ཀྱིས་ཕྱོགས་གཅིག་གི་མང་ཚོགས་ལ་སྣེ་ཁྲིད་བྱས་ཡོད།
ཧན་ཡུས་ཀྱིས་ཀུང་སིའི་སྣེ་ཁྲིད་དེ་ཐོན་ལས་དང་། ལས་ཞུགས། རྩལ་ནུས་བཅས་ལ་སྣེ་ཁྲིད་དང་སྤྱི་ཕན་ཞལ་འདེབས་སོགས་ཀྱི་བྱེད་ཐབས་བརྒྱུད་ས་གནས་དེ་གའི་མང་ཚོགས་མི་ཐེངས་ཁྲི་1ལྷག་ཙམ་གྱི་ལས་ཀ་ཐག་གཅོད་བྱས་པ་མ་ཟད། ལོ་ལྟར་རྩལ་ནུས་གསོ་སྦྱོང་བྱས་ཏེ་ས་གནས་དེ་གའི་མང་ཚོགས་ལ་ལག་རྩལ་མཛུབ་ཁྲིད་དང་། “རིག་སྐྱོར་བློ་སྐྱོར”བྱས་ནས་མང་ཚོགས་ཀྱི་འབབ་འཕར་རྩལ་ནུས་ཆེ་རུ་བཏང་སྟེ་མང་ཚོགས་རང་ཡུལ་དུ་འབབ་འཕར་ཕྱུག་འགྱུར་ཐུབ་པ་དང་ཁྱིམ་འཛིན་མ་རྣམས“ཁྱིམ་ལ་ལྟ་རྟོག་དང་འབབ་འཕར”འཐུས་ཤོར་མི་འགྲོ་བ་བྱས་ཡོད། ཉིང་ཁྲི་རུན་ཤིན་དངོས་ལས་ཚད་ཡོད་ཀུང་སིས་ལོ་ལྟར་ཤང་དང་གྲོང་རྡལ་4ཡི་མང་ཚོགས་700ལ་རོགས་སྐྱོར་བྱས་ཤིང་། ལོ་མང་རིང་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད།
“སྲིད་གྲོས་ཨུ་ཡོན་ནི་ངའི་ངོས་ནས་བརྗོད་ན་གཟི་བརྗིད་ཅིག་ཡིན་ལ་དེ་བས་འགན་འཁྲི་ལྕི་པོ་ཞིག་ཀྱང་ཡིན”སླད་ཕྱིན་གྱི་ལས་དོན་ཁྲོད་ངས་སྔར་རྒྱུན་བཞིན་སྲིད་གྲོས་ཨུ་ཡོན་གྱི་འགན་འཁྲི་འཁུར་ནས་རང་འགན་གཙང་སྒྲུབ་དང་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པའི་སྲིད་གྲོས་ཨུ་ཡོན་གྱི་གཟི་བརྗིད་ལྡན་པའི་འགན་འཁྲི་ལག་ལེན་བསྟར་གྱི་ཡིན་ཞེས་ཧན་ཡུས་ཀྱིས་གསུངས།