རྒྱལ་སྟོན་རིང་ལས་རིགས་ཁག་གི་ངལ་རྩོལ་པ་མང་པོས། ——
ལས་གནས་བརྟན་སྲུང་ལེགས་སྐྱེས་ཕུལ། ལས་སྒྲུབ་ལས་གཏོད་བྱས་རྗེས་བཞག
འདི་ནི་ཟླ་10ཚེས་3ཉིན་ཀྲུང་གོ་འཛུགས་སྐྲུན་ཅུས་ལྔ་པའི་འཛུགས་སྐྲུན་པས་ཧྲེན་ཀྲེན་ཁུག་ཆེན་ཁུལ་གྱི་རིམ་འདས་སྤྱི་ཁྱབ་པུའི་རྟེན་གཞིའི་Cལྕགས་སྒྲོམ་རྣམ་གྲངས་འཛུགས་སྐྲུན་བྱེད་བཞིན་པ།
ཟླ་9ཚེས་29ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་སྤྲོད་པའི་མཛད་སྒོའི་ཐོག“རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་གཙང་སྒྲུབ་དང་དམངས་ཆེད་ཞབས་འདེགས་ཞུ་རིང་མི་སྒེར་གྱི་རིན་ཐང་མངོན་འགྱུར་དང་མི་ཚེའི་ཉམས་འགྱུར་མངོན་འགྱུར་བྱེད་པ”དང“ལས་སྒྲུབ་ལས་གཏོད་བྱེད་མཁས་པའི་ལས་གནས་ཀྱི་འཇོན་ཐང་ཅན་དང་ལས་རིགས་ཁྲོད་ཀྱི་འཇོན་ཐང་ཅན་དུ་ཧུར་ཐག་འགྱུར་བ་བྱེད་པ”“སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་ལས་རྗེས་གཏོད་པ”བཅས་བྱ་རྒྱུའི་སྐུལ་མ་བརྩེ་བ་ཆེན་པོས་གནང་བ་རེད།
རྒྱལ་སྟོན་གུང་གསེང་རིང་། མི་མང་པོས་ལས་གནས་བརྟན་སྲུང་དང་འཐབ་ཕྱོགས་དང་པོར་འབད་འཐབ་བྱས་ཏེ་འབད་འབུངས་ཀྱི་སྙིང་རུས་ལ་བརྟེན་ནས་འགན་འཁྲི་འཁུར་སེམས་མཚོན་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་ལྟ་རྟོག་བྱས་ཤིང་། མི་ཚང་མས་སེམས་ནུས་ཡོད་རྒུ་བཏོན་ནས་རྒྱལ་ཁབ་དང་མི་རིགས་ཀྱི་རྒྱལ་ཁའི་གླུ་དབྱངས་ལེན་བཞིན་མདུན་སྐྱོད་བྱེད་པར་རམ་འདེགས་ཐུབ་ཡོད།
གཙོ་གནད་རྣམ་གྲངས་ཐོན་སྐྱེད་དང་འཛུགས་སྐྲུན་ཧུར་ཐག་བྱེད་པར་སྐུལ་འདེད་བཏང་བ།
ཞུང་ཨན་ཁུལ་གསར། འབྱུང་འགྱུར་གྱི་གྲོང་ཁྱེར།
“སྟར་པ་B01ཡི་ཐོག་སོ་བདུན་པའི་ཐོག་པང་གི་སྤུས་ཚད་ཞིབ་དཔྱད་ཚད་ལེན་ཚད་ལོན་སོང”ཨར་སྐྲུན་བྱ་ཡུལ་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་ཀྲུང་གོ་འགྲིམ་འགྲུལ་འཛུགས་སྐྲུན་འབྱུང་འགྱུར་ཚན་རྩལ་གསར་གཏོད་གྲོང་གི་ཚད་ལྡན་དུམ་བུ་གཉིས་པའི་ཚད་ལེན་པན་གྱི་པན་ཀྲང་ཧྲི་ཅན་ཁུན་གྱིས་ལག་ཏུ་ཇུས་འགོད་དཔེ་རིས་ཁྱེར་བ་དང་ཕྲག་པར་ཞིབ་དཔྱད་ཚད་ལེན་དཔྱད་ཆས་ཁྱེར་ནས་རྣམ་གྲངས་སྤུས་ཚད་མཐོ་པོས་འཛུགས་སྐྲུན་བྱ་རྒྱུར་གཡས་གཞོགས་གཡོན་འདེགས་བྱས་པ་རེད།
ཤོག་བུ་དཀར་པོའི་སྟེང་འཆར་གཞི་རེ་རེ་བཞིན་འགོད་པ་ནས་ཐོག་ཁང་སྟར་པ་4000ལྷག་ཙམ་བསྐྲུན་པའི་བར་གཙོ་གནད་རྣམ་གྲངས་ལ་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་7600ལྷག་ཙམ་བཏང་བའི་ཞུང་ཨན་ཁུལ་གསར་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་བྱེད་བཞིན་ཡོད།
མཚན་མོར་ཧྲི་ཅན་ཁུན་གྱིས་གྲངས་གཞི་རེ་རེ་བཞིན་བསྐྱར་ཞིབ་ཡང་ཡང་བྱེད་ཅིང་། ཁོང་གིས“ཞུང་ཨན་ཁུལ་གསར་འདི་ཉིད་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཡག་པོ་བསྐྲུན་རྒྱུ་ནི་ང་ཚོ་འཛུགས་སྐྲུན་པ་ཚང་མའི་ཐུན་མོང་གི་བསམ་འདུན་ཡིན”ཞེས་བཤད།
དབྱི་ལེང་ཕུག་ལམ་ནི་ཡུན་ནན་ཀྲའོ་ཐུང་དུ་གནས་པ་དང་དེ་ནི་རང་རྒྱལ་གྱི་མིག་སྔའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཟིན་པའི་སྐྲུན་བཞིན་པའི་རི་ཁུལ་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་རིང་ཤོས་དེ་ཡིན་ཞིང་། ས་གཤིས་དམིགས་བསལ་ཡིན་པའི་དབང་གིས་ཕུག་ལམ་ནང་གི་དྲོད་ཚད་40℃ཟིན་ཡོད། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཟམ་ཆེན་ཅུས་ཁྲུང་ཆིང་ནས་ཁུན་མིང་བར་གྱི་མྱུར་བགྲོད་ལྕགས་ལམ་རྣམ་གྲངས་ཀྱི་ཅིང་ལི་རའོ་ཧྲེང་པིན་དང་ལས་རོགས་ཚོས་ཆུ་གཏོར་འཕྲུལ་ཆས་སྤྱད་དེ་ཆུ་གཏོར་བས་དྲོད་ཚད་རིམ་བཞིན་ཆག་པ་དང་ཨར་སྐྲུན་གྱི་ལས་ཕྱོད་ཀྱང་ཆེ་རུ་ཕྱིན་ཡོད། རྒྱལ་སྟོན་རིང་དབྱི་ལེང་ཕུག་ལམ་གྱི་འཛུགས་སྐྲུན་པ་2300ཙམ་གྱིས་ཨུ་མོང་རི་བོའི་ཁྲོད་རྔུལ་ཆུ་དང་བློ་གྲོས་ལ་བརྟེན་ནས་ཚ་ཚ་འུར་འུར་ངང་འཛུགས་སྐྲུན་ལས་ལ་གཞོལ་ཡོད།
ཟླ་10ཚེས་5ཉིན་ཨེར་ཏུའོ་སི་ནུས་རྒྱུ་གསར་པའི་རྣམ་གྲངས་ཀྱི་ཆན་ཝ་ཁྲི་120ཡི་རླུང་གློག་རྣམ་གྲངས་ཀྱི་དུས་ཐེངས་གཉིས་པའི་ཆུ་དྲོད་འཇམ་གྱི་ཆན་ཝ་ཁྲི་60ཡི་རླུང་གློག་རྣམ་གྲངས་ཀྱི་འགན་འཁུར་བ་ཀའོ་ཧྲེང་ལིས་ཀྱིས་ལྕགས་རྩིབས་མ་བཟོ་ཡུལ་དུ་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་པ་དང་ཁོང་གིས“རྒྱལ་སྟོན་རིང་ང་དང་ཨར་ལས་པ་དང་། ལག་རྩལ་པ། དོ་དམ་པ་བཅས་བརྒྱ་ཙམ་གྱིས་དེ་གར་བརྟན་སྲུང་བྱས་ནས་འགྲོ་ལམ་གྱི་རྨང་གཞི་སོགས་ཨར་སྐྲུན་ལ་སྐུལ་འདེད་བཏང་ཡོད”ཅེས་བཤད།
བྱེད་ཐབས་ཏན་ཏིག་སྤྱད་དེ་ཕྱིར་སྐྱོད་བདེ་འཇགས་འགན་ལེན་བྱས་པ།
རྒྱལ་སྟོན་རིང་ཕྱིར་སྐྱོད་བྱེད་མཁན་མང་བ་དང་རིག་གནས་ཡུལ་སྐོར་ཁྲོམ་ར་རྒྱུན་མཐུད་འཁྲུག་ཏུ་ཕྱིན་ཞིང་། ཟླ་10ཚེས་4ཉིན་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་བརྒལ་ནས་འགྲོ་མཁན་མི་ཐེངས་དུང་ཕྱུར་2.8ལྷག་ཙམ་ཟིན་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་བྱེད་ཐབས་དེ་བས་ནུས་ལྡན་དང་། བྱ་སྤྱོད་དེ་བས་དངོས་སྒྲུབ། སེམས་རྩ་འཁོལ་བའི་ཞབས་ཞུ་བཅས་ལ་བརྟེན་ནས་ཁྱིམ་ཚང་ཁྲི་སྟོང་མང་པོའི་ཕྱིར་སྐྱོད་བདེ་འཇགས་འགན་ལེན་བྱས་པ་རེད།
“ཐེན་ཡིའུ་ཧྥུང་དུ་ཡུལ་སྐོར་བ་མང་དུ་སོང་འདུག་པས་རླངས་འཁོར་ཨང་དང་པོས་རྒྱབ་སྐྱོར་བྱེད་རོགས”ཞེས་ཁ་པར་ནས་བཀོད་འདོམས་བཀའ་བཏང་བ་དང་ཧྥུའུ་ཅན་ཞིང་ཆེན་གྱི་ཝུའུ་དབྱི་ཧྲན་མཛེས་ལྗོངས་ཁུལ་གྱི་ལྟ་སྐོར་རླངས་འཁོར་གྱི་ཁ་ལོ་བ་ཕུང་ལིན་ཝུའུ་ཡིས་ལམ་བར་གྱི་ནགས་གསེབ་དང་ཆུ་ཕྲན་བརྒྱུད་བབས་ཚུགས་སུ་འབྱོར། “རྒྱལ་སྟོན་རིང་ཡུལ་སྐོར་བ་མང་བས་ང་ཚོ་ལས་མི་ཚང་མ་ལས་གནས་ཐོག་ཞུགས་ཏེ་མཛེས་ལྗོངས་ཁུལ་གྱི་འཁོར་རྒྱུག་འགན་ལེན་བྱས་ཡོད”ལྟོ་ཆས་སྟབས་བདེ་ཞིག་བཟས་རྗེས་ཕུང་ལིན་ཝུའུ་བབས་ཚུགས་རྗེས་མར་ཐོན་པ་དང“ང་ཚོའི་ཞབས་འདེགས་ལས་ཚང་མར་སྤྲོ་སྣང་ལྡན་པའི་འགྲུལ་བཞུད་ཅིག་ཡོང་རྒྱུའི་རེ་བ་ཡོད”ཅེས་ཁོང་གིས་བཤད།
ཀྲེ་ཅང་ཆུས་ཀྲོའུ་ཅང་ལང་ཧྲན་རི་བོའི་ཡུལ་སྐོར་སྤྲོ་གསེང་ཁུལ་གྱི་སྒོ་ཁར་ཡུལ་སྐོར་བ་དང་རླངས་འཁོར་གྱིས་ཁེངས་པ་དང་སྒེར་འཁོར་གཏོང་མཁན་ཡུལ་སྐོར་བའང་མང་པོ་སླེབས་ཡོད། “ཁྱེད་ཀྱིས་གློག་གསོག་ཡོ་ཆས་ཡག་པོ་བསྒར་བ་དང་རྩ་གཉིས་ཨང་རྟགས་བཤེར་དགོས”ཞེས་པ་ལ་སོགས་ཤོད་བཞིན་དུ་རྒྱལ་ཁབ་གློག་དྲ་ཆུས་ཀྲོའུ་གློག་འདོན་ཀུང་སིའི་ལས་དོན་པ་ཀྲེང་དབྱིང་ཤོན་གྱིས་ནུས་རྒྱུ་གསར་པའི་རླངས་འཁོར་གོ་རིམ་ལྡན་པའི་ངང་བང་སྒྲིག་པ་དང་ཚད་ལྡན་ངང་བེད་སྤྱོད་རྒྱུར་ཁྲིད་སྟོན་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྒེར་འཁོར་གྱི་འཁོར་བདག་རྣམས་ཕྱིར་སྐྱོད་ལམ་ལྷོངས་ཡོང་བར་འགན་སྲུང་བྱས་པ་རེད།
ཨན་ཧུའེ་ཞིང་ཆེན་ཐེན་ཁྲང་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཀྲོའུ་ཕུང་ཁྲེང་གིས་སྦག་སྦག་བཞོན་ཏེ་གཞུང་ལམ་དུ་ཕར་འགྲོ་ཚུར་འགྲོར་རབ་ཏུ་བྲེལ། 2012ལོ་ནས་བཟུང་རྒྱལ་སྟོན་འཆར་རིམ་བཞིན་ཁོང་གིས་ལས་གནས་བརྟན་སྲུང་བྱེད་མཚམས་ཆད་མ་མྱོང་ཞིང་། ཀྲོའུ་ཕུང་ཁྲེང་གིས“དུས་ཆེན་རིང་གྲོང་མི་དང་ཡུལ་སྐོར་བ་མང་ཆེ་བ་ཕྱི་ཕྱོགས་སུ་འགྲོ་བས་གཞུང་ལམ་སྟེང་འཁོར་རིགས་མང་པོ་ཡོད་སྟབས། ཡིན་གཅིག་ལམ་སྟོན་བྱས་ཏེ་ཚང་མ་བློ་བདེ་བག་ཕེབས་ངང་དུས་ཆེན་གཏོང་རྒྱུ་ཡོང་བ་བྱེད་དགོས”ཞེས་བཤད།
དམངས་འཚོའི་དགོས་མཁོ་འགན་ལེན་བྱས་ཏེ་ཁྱིམ་ཚང་ཁྲི་སྟོང་མང་པོར་ཞབས་འདེགས་ཞུ་བ།
ཞིང་ནང་དང་མུ་ཁར་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་བ་དང་། བཟོ་གྲྭའི་འཁོར་ཁང་དུ་དཀའ་ལས་རྒྱག་པ། སྒོ་བསྟེན་སྨན་ཁང་དང་ནད་ཁང་དུ་བྲེལ་བརྩོན་ཆེ་བ། གྲོང་ཁྱེར་དང་གྲོང་གསེབ་ཏུ་དམངས་ཆེད་འགན་འཁྲི་སྒྲུབ་པ་སོགས་མི་མང་པོས་ལས་གནས་བརྟན་སྲུང་བྱས་ཏེ་མི་དེ་བས་མང་བར་རྒྱལ་སྟོན་གུང་གསེང་གི་སྟབས་བདེ་བསྐྲུན་ཡོད།
“ཤིན་སྐྱོར་སྨན་པ་ཞིག་གི་ངོས་ནས་མི་དམངས་མང་ཚོགས་ཀྱི་ལུས་སྲོག་བདེ་ཐང་བརྟན་སྲུང་བྱེད་པ་ནི་ངའི་འདོར་ཐབས་མེད་པའི་འགན་འཁྲི་རེད”ཤིན་ཅང་ཁྲང་ཅི་ཧུད་རིགས་རང་སྐྱོང་ཀྲོའུ་ཅི་མུའུ་སར་རྫོང་མི་དམངས་སྨན་ཁང་དུ་ཧྥུའུ་ཅན་ཞ་མོན་གྱི་དབང་རྩའི་གསོ་རིག་ཚན་ཁག་ནས་ཡིན་པའི་སྨན་པ་ཝེ་ཧྥུང་གིས་རང་འགུལ་ངང་རྒྱལ་སྟོན་རིང་ལས་རེས་བྱ་རྒྱུའི་རེ་ཞུ་བྱས་ཏེ་ནད་པའི་བདེ་ཐང་ཆེད་གཡས་གཞོགས་གཡོན་འདེགས་བྱས་པ་རེད།
“གྲོང་མི་ཚོ་སྔ་ཙམ་སྡོད་ཁང་ནས་སྤོ་ཐུབ་པ་དང་དྲོ་སོབ་སོབ་ཀྱི་དགུན་དུས་ཤིག་སྐྱེལ་རྒྱུ་ཡོང་ཆེད་དཀའ་ངལ་ཇི་ཙམ་ཡོད་ཀྱང་བྱེད་རིན་ཡོད་པ་ཞིག་རེད”ལེའོ་ཉིང་ཞིང་ཆེན་ཧུའུ་ལུའུ་ཏའོ་གྲོང་ཁྱེར་ཅན་ཁྲང་རྫོང་གི་སྡོད་ཁང་འཛུགས་སྐྲུན་ལྟེ་གནས་ཀྱི་སྤུས་ཚད་ལྟ་སྐུལ་བཟོ་བཀོད་པ་ཧྲའོ་ཅན་ཧྥུང་གིས་ཉིན་ལྟར་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་གྲོང་མིར་ཁང་པ་རྒྱག་རོགས་བྱས་ཡོད། ཟླ་8པར་ཅན་ཁྲང་རྫོང་དུ་འབྲུབ་ཆུ་ཐོན་རྗེས་ཡུལ་དེས་ལས་དོན་ཚོགས་ཆུང་ཁག་བརྒྱད་བཏང་སྟེ་ནུས་ཤུགས་ཡོད་རྒུས་གེགས་རྗེས་བསྐྱར་སྐྲུན་ལ་སྐུལ་འདེད་བཏང་བ་རེད།
“ང་ཚོས་འབྲུ་རྡོག་གཅིག་ཀྱང་མ་ལུས་པ་འབྲུ་མཛོད་དུ་བསྡུ་ཐུབ་པ་དང་ཞིང་བྲེལ་སྐབས་སུ་འདེབས་འཛུགས་ལ་འཐུས་ཤོར་མི་ཐེབས་པའི་འགན་ལེན་བྱེད་ངེས་ཡིན”ཞེས་ཤོད་བཞིན་ཉིན་ཤས་བསྟུད་མར་ཆར་པ་བབས་རིང་སི་ཁྲོན་ཁྲེང་ཏུའུ་ལུང་ཆོན་དབྱི་ཆུས་ཞིང་ལས་གྲོང་གསེབ་ཅུས་ཀྱི་རྩི་ཤིང་སྲུང་སྐྱོང་ས་ཚིགས་ཀྱི་ཀྲེན་ཀྲང་ཀྲང་པེས་ཞིང་ནང་དུ་བྲེལ་བྲེལ་འཚུབ་འཚུབ་ངང་ཞིང་པར་ཆར་ཞོད་བསྟན་པའི་གནམ་གཤིས་ལ་ཁ་གཏད་གཅོག་རོགས་དང་འདེབས་འཛུགས་བརྔ་བསྡུ་བཀོད་སྒྲིག་བྱེད་རོགས་བྱས་པ་རེད།