པ་ཏན་ཅི་ལིན་བྱེ་ཐང་གི་བྱེ་མ་དང་། རི་བོ། མཚེའུ་ཡི་ཚོགས་ཀྱིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་དཔང་པོ་བྱེད་པ།
ཀྲུང་ཧྭ་མི་རིགས་ཀྱི་རང་བྱུང་གཅེས་ནོར་ལ་སྲུང་སྐྱོང་ཡག་པོ་བྱེད་པ།
འབྲོག་པ་ཐཱ་ནཱའི་ཁྱིམ་ནི་ནང་སོག་རང་སྐྱོང་ལྗོངས་པ་ཏན་ཅི་ལིང་བྱེ་ཐང་གི་སུའུ་མིན་ཅི་ལིན་མཚོ་ངོགས་སུ་གནས་ཡོད།
“ང་ཚོའི་ཁྱིམ་ཚང་མི་རབས་ནས་མི་རབས་བར་འདི་གར་འཚོ་སྡོད་བྱེད་ཀྱི་ཡོད། རང་བྱུང་ཁམས་ཆེན་པོ་དང་མཛའ་མཐུན་མཉམ་གནས་ཡོད་པས་རང་ཉིད་བྱེ་ཐང་ལ་བརྩེ་དུང་ཟབ་མོ་ལྡན་ཡོད” ཐཱ་ནཱ་འདི་ལོ་ལོ་40ལ་སླེབས་པ་དང་། ཕྱིར་གླ་པར་བསྐྱོད་རྗེས་སླར་ཡང་བྱེ་ཐང་དུ་ལོག་ནས་འཚོ་བ་སྐྱེལ་བའི་གདམ་ག་བྱས། ད་ཆ་བཟའ་ཟླ་དང་མཉམ་དུ་རྔ་མོང་མགོ་གྲངས་20ལྷག་ཙམ་གསོ་ཚགས་བྱས་ཡོད་པ་མ་ཟད། དམངས་སྲོལ་གནས་ཚང་ཞིག་ཀྱང་གཉེར་ཏེ་ཕྱོགས་བཞི་མཚམས་བརྒྱད་ནས་བྱེ་ཐང་དུ་ཡུལ་སྐོར་ལ་ཡོང་མཁན་ཚོར་སྣེ་ལེན་ཞུ་བཞིན་མཆིས།
པ་ཏན་ཅི་ལིང་བྱེ་ཐང་ནི་ཨ་ལ་ཧྲན་མོང་ཨ་ལ་ཧྲན་ཡིའུ་ཆིའི་བྱང་ཕྱོགས་སུ་གནས་ཤིང་། བརྗིད་ཉམས་ལྡན་ལ་འགྱིང་ངེར་གནས་པའི་བྱེ་རི་དང་། ཚོན་དོག་རྣམ་པར་བཀྲ་བའི་རི་མ་ཐང་གི་མཚེའུ་བཅས་ཡོད་པའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ལས་ངོ་མཚར་ཆེ་བའི་རང་བྱུང་མཛེས་རིག་གི་རིན་ཐང་མངོན་ཡོད།
འདི་ལོའི་ཟླ་7པར་པ་ཏན་ཅི་ལིང་བྱེ་ཐང་གི་བྱེ་མ་དང་། རི་བོ། མཚེའུ་ཡི་ཚོགས《འཛམ་གླིང་གི་ཤུལ་བཞག་མིང་གཞུང》ནང་བདེ་བླག་ངང་ཚུད་ཡོད། དེ་ག་ནི་ཀྲུང་ཧྭ་མི་རིགས་ཀྱི་རང་བྱུང་གཅེས་ནོར་ཡིན་པ་མ་ཟད། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དཔང་པོ་ཡང་བྱེད་མུས་ལགས།
གལ་ཆེ་ལ་དཔེ་མཚོན་དུ་འོས་ཤིང་རྒྱུན་མཐུད་རང་བཞིན་ལྡན་པའི་བྱེ་རླུང་གི་ས་དབྱིབས་འཕེལ་རྒྱས་ཀྱི་བརྒྱུད་རིམ་མངོན་པ།
པ་ཏན་ཅི་ལིང་བྱེ་ཐང་ནི་ཨ་ལ་ཧྲན་ས་མཐོར་ཆགས་པ་དང་། དེ་ནི་ཀྲུང་གོའི་བྱེ་ཐང་ཆེན་པོ་གསུམ་པ་དང་རྒྱུན་འཁོར་བྱེ་ཐང་ཆེན་པོ་གཉིས་པ་ཡིན་པ་དེའི་མཚོན་རྟགས་གཙོ་བོའི་གྲས་སུ་འཛམ་གླིང་གི་གཏན་འཇགས་ཀྱི་བྱེ་རི་ཆེ་ཤོས་དང་། བྱེ་ཐང་གི་མཚེའུ་མཛེས་ཤོས། སྒྲ་གྲགས་བྱེ་ཐང་གི་ས་ཁོངས་ཆེ་ཤོས། དེ་བཞིན་རླུང་ངད་ཀྱིས་ཡལ་བའི་ས་དབྱིབས་སྣ་མང་བཅས་ཚུད་ཡོད་པ་རེད།
འདི་གར་ལོར་ཆར་ཆུ་འབབ་ཚད་ཧ་ཅང་ཉུང་ཉུང་ཡིན་ཡང་། རྩད་ཆོད་པའི་མཚེའུ་144ཡི་ནང་སྐད་གྲགས་ཆེ་ཤོས་ནི་ཏ་ཀེ་ཐུའུ་མཚེའུ་རེད། “གཏེར་དངོས་ཀྱི་གཞི་རྒྱུ་སྣ་ཚོགས་དང་དེ་བཞིན་ཚྭ་ལས་བྱུང་བའི་སྐྱེ་དངོས་མང་པོ་འདུས་ཡོད་པས་དཔྱིད་ཀ་ནས་དགུན་ཁ་བར་མཚེའུ་ལས་དམར་སྐྱ་དང་། ཟིང་དཀར། དམར་ནག་སོགས་ཚོན་མདོག་འདྲ་མིན་སྣ་ཚོགས་མངོན་གྱི་ཡོད”ཅེས་དུས་ཡུན་རིང་པོའི་ནང་པ་ཏན་ཅི་ལིང་བྱེ་ཐང་ལ་དོ་ཁུར་དང་ཞིབ་འཇུག་བྱེད་མཁན་ཧྲའན་ཤིས་དགེ་འོས་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཏུང་ཀྲི་པའོ་ཡིས་བརྗོད།
བལྟོས་བཅས་ཀྱི་མཐོ་ཚད་ལ་སྨི་460ཡོད་པའི་པི་ལུའུ་ཐུའུ་རི་བོ་ནི་མིག་སྔར་འཛམ་གླིང་ཐོག་གི་གཏན་འཇགས་བྱེ་རི་མཐོ་ཤོས་དེ་རེད། རི་རྩེ་ནས་རྒྱང་ལྟ་བྱེད་སྐབས་ནུའོ་ཨར་ཐུའུ་སོགས་མཐའ་འཁོར་གྱི་མཚེའུ་7མིག་ལམ་དུ་མངོན་བཞིན་མཆིས།
པ་ཏན་ཅི་ལིན་བྱེ་ཐང་ཁྲོད་ཀྱི་མཚེའུ་མང་ཆེ་བ་ནི་ཚྭ་མཚེའུ་ཡིན་པ་དང་དབྱིན་ཏེ་རི་ཐུའུ་མཚེའུ་ནི་དེའི་གྲས་ཤིག་རེད། མཚེའུ་དེའི་ནང་གི་སྨི་ངོས་གྲུ་3ཡང་མ་ཟིན་པའི་ཆུ་འོག་བྲག་རྡོའི་ཐོག་གི་ཆུ་མིག་108ལས་འཕྱུར་བའི་ཆུ་ནི་དྭངས་ཤིང་གཙང་ལ་མངར་ཞིང་ཞིམ་པ་ཞིག་ཡོད། པ་ཏན་མཚེའུ་ནི་ཚྭ་མེད་མཚེའུ་ཉུང་ཤས་ཀྱི་གྲས་ཤིག་ཡིན་པ་དང་། དེའི་ཉེ་འཁོར་གྱི་སྒྲ་གྲགས་བྱེ་ཐང་ཁུལ་དུ་ལོ་ལྟར་ལྷགས་པ་ཆེན་པོ་རྒྱག་པ་དང་། འབྲུག་སྒྲ་ལྡིར་བ་ལྟར་བྱེ་རླུང་འུར་འུར་དུ་ལྡང་པར་མི་རྣམས་ཀྱིས་ཡ་མཚན་ཆེན་པོ་བྱེད་ཀྱི་ཡོད།
“དམིགས་བསལ་གྱི་མཛེས་ལྗོངས་དེ་ལྟ་བུ་ལས་ས་གོ་ལའི་ཐོག་གི་གལ་ཆེ་ལ་དཔེ་མཚོན་དུ་འོས་ཤིང་རྒྱུན་མཐུད་རང་བཞིན་ལྡན་པའི་བྱེ་རླུང་གི་ས་དབྱིབས་འཕེལ་རྒྱས་ཀྱི་བརྒྱུད་རིམ་མངོན་པ་དེ་འཛམ་གླིང་གི་རང་བྱུང་ཤུལ་བཞག་ལ་རེ་ཞུ་འབུལ་བའི་ཆ་རྐྱེན་དང་མཐུན་ཡོད”ཅེས་ཀྲུང་གོ་མཛེས་ལྗོངས་གྲགས་ཅན་མཐུན་ཚོགས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་བློ་འདྲི་བ་ལིའུ་ཆང་གིས་བརྗོད།
སྤྱི་ཡོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པ།
འཕྲུལ་འཁོར་གྱི་ལྡིར་སྒྲ་གྲགས་པ་དང་བསྟུན་ནས་ཨ་ལ་ཧྲན་བྱེ་ཐང་འཛམ་གླིང་ས་གཤིས་སྤྱི་གླིང་ཨ་ལ་ཧྲན་ཡིའུ་ཆི་དོ་དམ་ཅུས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་སྲུང་སྐྱོང་ཀུའུ་ཡི་ཀྲུའུ་རེན་ལེའུ་ཝེ་པིན་བྱེས་བགྲོད་རླངས་འཁོར་ནས་བབས་ཏེ། ལག་ཏུ་འཁྱེར་བའི་ལྟ་ཞིབ་ཚད་ལེན་མཐའ་སྣེ་སྤྱད་ནས་སྲུང་སྐར་ས་བཀྲའི་ནང་གི་སྐོར་སྲུང་ས་ཚིགས་ལ་ལྟ་འགོ་ཚུགས།
“ད་ལྟ་ང་ཚོ་གནས་ཡུལ་ནི་དབྱི་ཧོ་ཅི་ཀེ་ཏེ་མཚེའུ་རེད། དེའི་རྗེས་སུ་ཨ་ལ་ཐ་ཐུའུ་མཚེའུ་ལ་སྐོར་སྲུང་བྱེད་པར་འགྲོ་དགོས”ཞེས་ལེའུ་ཝེ་པིན་གྱིས་བརྗོད་པ་དང་། ཁོང་གིས་རང་བྱུང་ཤུལ་བཞག་ཁུལ་དུ་ཟླ་རེར་ཐེངས་རེའི་འཆར་ཅན་སྐོར་སྲུང་བྱེད་ཀྱི་ཡོད། དེའི་རྨང་གཞིའི་ཐོག་ད་དུང་ང་ཚོས་སྲུང་སྐྱོང་བྱ་ཡུལ་ལ་སྤྲད་པའི་དོགས་ཡོད་གནད་དོན་ཁུངས་སྣེའི་ས་ཚིགས་དང“ལྗང་ཕུབ”ས་ཚིགས་སོགས་དང་ཟུང་འབྲེལ་བྱས་ཏེ། མི་དང་རང་བྱུང་གི་དབང་གིས་སྲུང་སྐར་ས་བཀྲའི་ཁྲ་རིས་ལ་འགྱུར་ལྡོག་འགྲོ་ཚུལ་ལ་ཞིབ་དཔྱད་བྱས་ནས་གནད་དོན་ཤེས་རྟོགས་ཐུབ་ཚེ་འཕྲལ་དུ་གོང་ཞུ་དང་ཐག་གཅོད་བྱེད་ཀྱི་ཡོད་ཅེས་གསར་འགོད་པར་བརྗོད།
“བྱེ་ཐང་ནི་ས་གོ་ལའི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་ཞིག་ཡིན་ཞིང་། གནམ་གཤིས་སྙོམས་སྒྲིག་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ནུས་པ་གལ་ཆེན་ཐོན་གྱི་ཡོད”ཅེས་ཏུང་ཀྲི་པའོ་ཡིས་བརྗོད་པ་དང་། ཁོང་གིས་རང་བྱུང་བྱེ་ཐང་ལ་སྲུང་སྐྱོང་བྱེད་སྟངས་ཡག་ཤོས་ནི་ཐེ་གཏོགས་དང་གཏོར་བཤིག་མི་གཏོང་བར་དེའི་སྐྱེ་ཁམས་མ་ལག་གི་སྔར་ཡོད་རྣམ་པ་རྒྱུན་འཁྱོངས་གང་ཐུབ་བྱ་རྒྱུ་དེ་རེད”ཅེས་བརྗོད།
ལོ་བརྒྱ་ཕྲག་དུ་མའི་རིང་རྩྭ་ཆུ་གང་བཟང་དུ་འཚོ་བའི་འབྲོག་པར་རང་བྱུང་ཁམས་ལ་བརྩི་འཇོག་དང་ཁོར་ཡུག་སྲུང་སྐྱོང་གི་གོམས་གཤིས་སྔ་ས་ནས་ཆགས་ཡོད། “ང་རང་ཧ་ཉིད་གོ་བ་ནས་བཟུང་། ནང་མི་ཚོས་རྟག་ཏུ་ངར་མཚེའུ་ལ་སྦགས་བཙོག་བཟོ་མི་རུང་བ་དང་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་མི་རུང་བའི་དྲན་སྐུལ་བྱེད་ཀྱི་ཡོད”ཅེས་ཐཱ་ནཱ་ཡིས་བརྗོད།
རང་བྱུང་ཤུལ་བཞག་གི་སྤྱི་ཡོངས་རང་བཞིན་དང་བརྒྱུད་རིམ་རང་བཞིན་གྱི་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་ཆེད། ས་གནས་དེ་གས་རང་བྱུང་ཤུལ་བཞག་ཁུལ་སྲུང་སྐྱོང་དོ་དམ་འཆར་འགོད་དང་སྲུང་སྐྱོང་སྲོལ་ཡིག་བཟོ་བའི་ལས་དོན་སྤེལ་འགོ་ཚུགས་ཡོད། “ང་ཚོས་ད་དུང་གཞི་གདན་ཐོན་ཁུངས་ལ་སྔ་ཙམ་བརྟག་དཔྱད་བྱས་ནས་རང་བྱུང་ཤུལ་བཞག་ཁུལ་གྱི་རང་བྱུང་ཐོན་ཁུངས་ཀྱི་རིགས་དང་། གྲངས་འབོར། སྤུས་ཚད་བཅས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས་ཏེ། སྲུང་སྐྱོང་དོ་དམ་གྱི་ཐབས་ཇུས་བཟོ་བར་རྨང་གཞིའི་གྲངས་གཞི་དང་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་ཀྱི་ཡིན”ཞེས་ཨ་ལ་ཧྲན་ཡིའུ་ཆི་ནགས་ལས་དང་རྩྭ་ཐང་དང་ཐང་རྒོད་འགོག་བཅོས་ཅུས་ཀྱི་ཅུས་ཀྲང་ཡའོ་ཤའོ་ཏེས་བརྗོད།
མི་དེ་བས་མང་བས་རང་བྱུང་ཤུལ་བཞག་གི་ཚན་རིག་རིན་ཐང་དང་མཛེས་རིག་རིན་ཐང་མཉམ་སྤྱོད་བྱེད་པ།
“ཤུལ་བཞག་རེ་ཞུ་ལམ་ལྷོངས་བྱུང་རྗེས་ང་ཚོ་ས་ཆ་གཞན་དུ་སྤོ་རུ་འཇུག་གམ”ཞེས་དེ་སྔོན་ཐཱ་ནཱར་དོགས་པ་དེ་འདྲ་ཞིག་སྐྱེས་མྱོང་།
“ས་གནས་དེ་གའི་འབྲོག་པ་ནི་རང་བྱུང་ཤུལ་བཞག་ཁུལ་གྱི་ཆ་ཤས་ཤིག་ཡིན་ལ་སྲུང་སྐྱོང་བྱ་ཡུལ་ཞིག་ཀྱང་ཡིན་པས། དེ་སྔའི་འཚོ་བའི་གོམས་གཤིས་སྔར་བཞིན་རྒྱུན་འཁྱོངས་བྱས་ན་འགྲིག འོན་ཀྱང་ཐོན་སྐྱེད་བྱས་དྲགས་ན་མི་འགྲིག”ཅེས་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་རིགས་གཅིག་མཁས་ཅན་ཡུས་ཆིང་ཀྲིས་དེ་ལྟར་བརྗོད་པས་ཁོ་མོ་བློ་བདེ་པོ་བྱུང་།
ཐཱ་ནཱ་དང་འདྲ་བར་པ་ཏན་ཅི་ལིང་བྱེ་ཐང་དུ་ཡུན་རིང་འཚོ་སྡོད་བྱེད་མཁན་འབྲོག་པ་དུད་ཚང་བཅུ་ཕྲག་ཁ་ཤས་ཡོད་པ་དེ་དག་ཕལ་ཆེ་བས་རྔ་མོང་དང་ར་ལུག་འཚོས་ནས་འཚོ་བ་སྐྱེལ་གྱི་ཡོད། ཤུལ་བཞག་རེ་ཞུའི་ལས་དོན་ཁྲོད་ས་གནས་དེ་གའི་སྲིད་གཞུང་གིས་ཁོང་ཚོའི་འབྲེལ་ཡོད་ཁེ་ཕན་ལ་བསམ་གཞིག་གང་ལེགས་བྱེད་ཀྱི་ཡོད།
“གྲོང་ཚོ་ཚང་མས་འབྲོག་པ་སྒྲིག་འཛུགས་བྱས་ཏེ་ཚོགས་འདུ་འཚོགས་ནས་ཚང་མའི་རེ་ཞུ་ཉན་གྱི་ཡོད། ད་དུང་དོ་དམ་སྡེ་ཚན་གྱིས་མི་མངགས་ནས་དུད་ཚང་རེ་རེ་བཞིན་ལ་བསྐྱོད་དེ་དྲིལ་བསྒྲགས་ཁྲིད་སྟོན་བྱས་ནས་དོགས་གནད་སེལ་གང་ཐུབ་བྱེད་ཀྱི་འདུག”ཅེས་ཡ་པུ་ལའེ་གྲོང་རྡལ་པ་ཏན་ཅི་ལིན་གྲོང་ཚོའི་འབྲོག་པ་ཨ་ལ་ཐེང་ཀེ་རི་ལེས་བརྗོད།
ལོ་ལྟར་གྱི་ཟླ་9པ་དང་10པ་ནི་པ་ཏན་ཅི་ལིང་བྱེ་ཐང་དུ་ཡུལ་སྐོར་བ་མང་ཤོས་ཀྱི་དུས་ཡིན་ཞིང་། ཤུལ་བཞག་རེ་ཞུ་ལམ་ལྷོངས་བྱུང་རྗེས་ཡུལ་སྐོར་བ་དེ་བས་མང་བ་འདི་གར་ཡུལ་སྐོར་ལ་ཡོང་གི་ཡོད། “མ་གཞི་ལམ་ཐག་རིང་ཡང་བརྗིད་ཆགས་ཡིད་དུ་འོང་བའི་བྱེ་མ་དང་། རི་བོ། མཚེའུ་བཅས་ཀྱི་ཁྱུ་ཚོགས་མཐོང་སྐབས་ཡོང་རིན་ཆོག་པ་ཞིག་འདུག་བསམ་ཀྱི་འདུག”ཅེས་ཐེན་ཅིན་གྱི་ཡུལ་སྐོར་བ་ཀྲང་པའོ་ཅོན་གྱིས་བརྗོད།
འབྲོག་པ་ཁག་གཅིག་གིས་ཕྱུགས་འཚོ་ཞོར་དུ་སྣེ་ཤན་པ་བྱེད་པ་དང་དམངས་སྲོལ་གནས་ཚང་བཙུགས་པས་ཡོང་འབབ་མང་དུ་ཕྱིན་ཡོད། “ང་ཚོས་ཕ་ཡུལ་གྱི་མཛེས་ལྗོངས་འཛམ་གླིང་ལ་མཉམ་སྤྱོད་བྱེད་འདོད་ཡོད། དེ་དང་ཆབས་ཅིག་ཡུལ་སྐོར་བས་ཀྱང་ང་ཚོ་དང་འདྲ་བར་འདི་གའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་རྒྱུའི་རེ་བ་ཡོད”ཅེས་ཐཱ་ནཱ་ཡིས་བརྗོད།