མཚོ་སྔོན་དུ།
སློབ་གསོའི་ཞིང་ས་གཤིན་པོར་ཉམས་དགའི་འབྲས་བཟང་སྨིན།
མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ཉན་པོ་གྲོང་རྡལ་དུ་བསྐྱོད་པ་ན། མགོ་ལོག་མཚོ་ཤར་སློབ་འབྲིང་བསྐྲུན་ཡུལ་དུ་ཨར་ལས་ལ་བྲེལ་བཞིན་མཆིས། “ཟླ་3ཚེས་20ཉིན་ལས་འགོ་བཙུགས་པ་ནས་བཟུང་ཚ་ཚ་འུར་འུར་ངང་ཨར་སྐྲུན་བྱེད་བཞིན་ཡོད། མིག་སྔར་སློབ་ཁྲིད་ཐོག་ཁང་2པ་དང་སློབ་ཕྲུག་བུ་མོའི་ཉལ་ཁང་བརྒྱབ་ཟིན་པ་དང་། རྣམ་གྲངས་གཞན་6པོ་རྨང་གཞིའི་ཨར་ལས་ཀྱི་དུས་མཚམས་སུ་སླེབས་ཡོད་ལ་སྔོན་དཔག་ལྟར་ན་ལོ་འདིའི་ནང་47%ཚར་རྒྱུ་རེད”ཅེས་མགོ་ལོག་མཚོ་ཤར་སློབ་འབྲིང་འཆར་འགོད་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ལས་དོན་པ་ཧུའུ་ཅི་ཀྲོའུ་ཡིས་ངོ་སྤྲོད་བྱས།
“སློབ་གྲྭ་གསར་པ་བསྐྲུན་རྗེས་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་གི་སློབ་མ་3000བསྡུ་རྒྱུ་ཡིན་ཞིང་། སྐབས་དེ་དུས་མགོ་ལོག་འབྲོག་ཁུལ་གྱི་བྱིས་པ་རྣམས་མཚོ་ཤར་དུ་སློབ་གྲྭར་འགྲོ་ཐུབ་ཀྱི་རེད”ཅེས་ཧུའུ་ཅི་ཀྲོའུ་ཡིས་བརྗོད་བྱུང་། ཨར་ལས་བྱ་ཡུལ་དུ་སྦྱར་བའི་ཇུས་འགོད་རི་མོར་བལྟས་ན། སློབ་གྲྭའི་ནང་སློབ་ཁྲིད་ཐོག་ཁང་དང་ཉལ་ཁང་ཡོད་པས་མ་ཚད་ད་དུང་ཁང་པའི་ཕྱི་རོལ་དང་ཁང་པའི་ནང་གི་ཚད་ལྡན་གྱི་ལུས་རྩལ་ར་བ་ཡང་ཡོད་པ་རེད།
མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་རྒྱུད་དུ་གནས་ཤིང་། བོད་རིགས་ཀྱིས92%ཙམ་བཟུང་བ་དང་ཆ་སྙོམས་ས་བབ་སྨི་4200ཡན་ཟིན་ལ་རང་བྱུང་ཁམས་ཀྱི་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད། ཀྲོའུ་དེ་ཡོངས་ཀྱི་དགེ་རྒན་གྱི་སྟོབས་ཤུགས་བལྟོས་བཅས་ཉམས་ཞན་ཡིན་པ་མ་ཟད། སློབ་གྲྭར་འགྲོ་བའི་ལམ་ཐག་རིང་བ་དང་སློབ་རིམ་འཕར་ཚད་མཐོ་པོ་མེད་པ་སོགས་ཀྱིས་ཡུལ་ལུང་དེ་གའི་སློབ་མ་དང་ཁྱིམ་བདག་ལ་དཀའ་ངལ་མི་ཉུང་བ་འཕྲད་ཀྱི་ཡོད།
རང་བྱུང་ཁམས་ཀྱི་ཆ་རྐྱེན་གྱི་ཚོད་འཛིན་ཕོག་པའི་མགོ་ལོག་གི་སློབ་གསོ་ཅུང་རྗེས་ལུས་ཡིན་པའི་གནད་དོན་ཇི་ལྟར་བྱས་ནས་ཐག་གཅོད་བྱེད་དགོས་སམ། དེའི་ཐད། མགོ་ལོག་ཀྲོའུ་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཧྲང་ཧའེ་གྲོང་ཁྱེར་གྱི་མཚོ་སྐྱོར་ཚོགས་པས་ཡུལ་གཞན་དུ་སློབ་གྲྭ་གཉེར་བའི་བསམ་ཕྱོགས་བཏོན་པ་རེད།
དེ་ནི་སྔར་བྱུང་མྱོང་མེད་པ་ཞིག་ཡིན་ལ་འཚོལ་ཞིབ་དང་ཚོད་ལྟ་ཞིག་ཀྱང་ཡིན། 2017ལོར་ཧྲང་ཧའེ་ཡིས་ཟི་ལིང་གྲོང་ཁྱེར་དུ་ཞག་སྡོད་ལམ་ལུགས་ཀྱི་སློབ་འབྲིང་སྟེ་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་རོགས་སྐྲུན་བྱས་པ་དང་། སློབ་གྲྭ་སྤྱོད་འགོ་ཚུགས་རྗེས་མགོ་ལོག་ཀྲོའུ་ཡི་ཁོངས་གཏོགས་ཀྱི་རྫོང་6ནས་སློབ་མ་བསྡུས་པ་དང་། སློབ་འགོ་ཚུགས་པའི་སྐབས་དང་གུང་གསེང་རིང་སློབ་གྲྭས་ཆེད་མངགས་རླངས་འཁོར་གླས་ནས་སློབ་མ་རྣམས་མགོ་ལོག་དང་ཟི་ལིང་དུ་སྐྱེལ་བསུ་བྱེད་ཀྱི་ཡོད་པ་རེད།
བོད་རིགས་སློབ་མ་ཐུབ་བསྟན་དར་རྒྱས་ནི་མགོ་ལོག་ཀྲོའུ་པད་མ་རྫོང་སྟག་མཁར་ཤང་མཛོ་རོ་གྲོང་ཚོ་ནས་ཡིན་པ་དང་། ད་ཆ་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་དམའ་རིམ་སློབ་འབྲིང་ལོ་རིམ་དང་པོའི་འཛིན་གྲྭ་གསུམ་པའི་སློབ་མ་ཡིན། ཕ་ཡུལ་མཛོ་རོ་གྲོང་ཚོ་ནས་ཁོང་དེ་སྔོན་སློབ་སྦྱོང་བྱེད་སའི་པད་མ་རྫོང་མི་རིགས་སློབ་འབྲིང་བར་ལམ་ཐག་སྤྱི་ལེ་130ལྷག་ཙམ་ཡོད་པས་སློབ་གྲྭར་སྐྱོད་སྐབས་ཐག་རིང་འགྲུལ་སྐྱེལ་རླངས་འཁོར་དུ་སྡོད་དགོས་ཀྱི་ཡོད། “དེ་དུས་སློབ་གྲྭར་འགྲོ་དཀའ་བ་དང་རང་ཁྱིམ་ལ་ལོག་དཀའ་བས་ཁྱིམ་མིས་ཟླ་རེ་བཞིན་སློབ་གྲྭར་བསུ་བར་ཡོང་གི་ཡོད”གངས་ཆར་འབབ་པ་དང་ལྷགས་རླུང་ལྡང་སྐབས་འགྲོ་སྐྱོད་ཧ་ཅང་ཁག་པོ་ཡོད་ཅེས་ཐུབ་བསྟན་དར་རྒྱས་ཀྱིས་དྲན་གསོ་བྱེད་བཞིན་དུ་བཤད།
“མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ནི་ང་རང་འགྲོ་འདོད་པའི་སློབ་གྲྭ་ཡག་པོ་ཞིག་ཡིན”ཞེས་ཐུབ་བསྟན་དར་རྒྱས་ཀྱིས་སློབ་གྲྭ་གསར་པར་བཅངས་པའི་སྤྲོ་སྣང་གསལ་པོར་མངོན་བཞིན་བརྗོད། སློབ་ཁང་ཚང་མར“རིག་ལྡན་ནག་པང”བཀོད་སྒྲིག་བྱས་ཡོད་ལ། བརྒྱུད་ལམ་སྣེ་མང་སློབ་ཁང་གི་ཅོག་ཙེ་དང་རྐུབ་སྟེགས་ཚང་མར་ཁོར་ཡུག་སྲུང་སྐྱོང་གི་རྒྱུ་ཆ་སྤྱད་ཡོད་ཅིང་། ཀང་ཆིན་སློབ་ཁང་དང་། ཞབས་བྲོ་སློབ་ཁང་། དཔེ་དེབ་ལྟ་ཀློག་ཁང་བཅས་གང་མཁོ་དེ་འཛོམས་ཡོད་པ་རེད།
སློབ་མའི་ཞག་སྡོད་དང་ཟ་མའི་ཆ་རྐྱེན་ལེགས་པོ་ཡོད་ཅིང་། ཉལ་ཁང་རྒྱ་ཆེ་ལ་དཀར་ཆ་དོད་པ་དང་ཆུ་ཚོད་24རིང་ཆུ་ཚ་པོ་ཡོད་པས་བཀྲུ་བཤལ་བྱེད་པར་འབྲོག་ཁུལ་དང་བསྡུར་ན་ཧ་ཅང་སྟབས་བདེ་པོ་ཡོད། དེ་གའི་ཐོག་སོ་གཉིས་ལྡན་གྱི་ཟ་ཁང་གཙང་སྦྲ་དོད་པའི་ཁར་ཚལ་རིགས་སྣ་ཁ་མང་ལ་ཕུན་སུམ་ཚོགས་པོ་ཡོད། “སློབ་གྲྭའི་ཚལ་རིགས་གཙང་ལ་བྲོ་བ་ཞིམ་པའི་ཁར་རིན་གོང་ཡང་མཐོ་པོ་མེད”ཐུབ་བསྟན་དར་རྒྱས་ཀྱིས་ད་ཆའི་སློབ་སྦྱོང་དང་འཚོ་བའི་ཆ་རྐྱེན་ལ་གཅེས་སྤྲས་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
2019ལོར་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གིས་སྐབས་དང་པོའི་སློབ་མ་བསྡུས་ཚུན་ཐུབ་བསྟན་དར་རྒྱས་དང་འདྲ་བའི་མགོ་ལོག་གི་སློབ་མ་1700ལྷག་ཙམ་ཟི་ལིང་དུ་སློབ་གྲྭར་འགྲོ་བའི་སྐལ་བཟང་ཐོབ་པ་རེད།
ཧྲང་ཧའེ་ཡི་མཚོ་སྐྱོར་ལས་བྱེད་པ་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་སློབ་སྤྱི་ཁྲང་ཐུའུ་ཡིས། སློབ་གྲྭས་ཧྲང་ཧའེ་གྲོང་ཁྱེར་གྱི་སློབ་གྲྭ་འཛུགས་སྐྲུན་གྱི་ཚད་གཞི་དང་བྱེད་ནུས་ཀྱི་སྒྲིག་བཀོད་ལ་ཕྱོགས་ཡོངས་ནས་དཔེ་བསྡུར་བྱས་ཏེ་མགོ་ལོག་གི་སློབ་མ“སློབ་གྲྭར་འགྲོ་རྒྱུ་ཡོད་པ”ནས“སློབ་གྲྭ་ཡག་པོར་འགྲོ་བའི”བར་གྱི་འཕེལ་རྒྱས་བྱུང་ཡོད་ཅེས་ངོ་སྤྲོད་བྱས་ཤིང་། ཁོང་གིས“ཡུལ་གཞན་དུ་སློབ་གྲྭ་གཉེར་བ་དེས་འབྲོག་ཁུལ་གྱི་སློབ་མར་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་དེ་བས་ལེགས་པར་བསྐྲུན་ནས་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་ཡོད”ཅེས་བཤད།
མགོ་ལོག་ཀྲོའུ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའུ་ཉིང་གིས་ངོ་སྤྲོད་བྱས་པ་ལྟར་ན། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ནས་དངོས་གཞིའི་ཚན་ཁག་ཏུ་རྒྱུགས་འཕྲོད་ཚད་ལོ་3བསྟུད་མར་100%རྒྱུན་འཁྱོངས་ཐུབ་ཡོད། མགོ་ལོག་ཀྲོའུ་མི་རིགས་མཐོ་རིམ་སློབ་འབྲིང་དང་མགོ་ལོག་ཀྲོའུ་རྟ་བོ་མི་རིགས་སློབ་འབྲིང་དབར་གྲོས་མཐུན་བཞག་སྟེ་མགོ་ལོག་ཀྲོའུ་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་འབྲིང་གི་སློབ་གྲྭ་གསུམ་གྱི་མནའ་འབྲེལ་བཙུགས་ཤིང་། སློབ་གྲྭ་རེས་ཟླ་རེར་རྐང་འཛིན་དགེ་རྒན་མངགས་ནས་དྲ་ཐོག་ཏུ་དཔེ་སྟོན་སློབ་ཚན་ཁྲིད་པ་དང་། སློབ་གྲྭ་གསུམ་དང་ཧྲང་ཧའེ་ཡི་དགེ་རྒན་གྱིས་རྒྱང་ཁྲིད་ལྟ་སྦྱོང་བྱས་ནས་སློབ་ཚན་དཔྱད་མོལ་བྱས་ཏེ་ཕན་ཚུན་སྐུལ་འདེད་དང་ཡར་རྒྱས་ཡོང་བར་གཞོལ་བཞིན་ཡོད་པ་རེད།
2022ལོའི་ཟླ་8པ་ནས་བཟུང་། རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་གི་སློབ་གསོའི་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ཚོགས་པས་མགོ་ལོག་ཀྲོའུ་མི་རིགས་མཐོ་རིམ་སློབ་འབྲིང་ལ་ཁ་གཏད་རོགས་སྐྱོར་བྱས་ཤིང་། ལོ་གསུམ་ལ་ཁག་ཐེངས་གཉིས་དང་ཁག་རེར་མི་6ཡོད་ལ་དུས་ཡུན་ལོ་གཅིག་དང་ལོ་ཕྱེད་རེ་ཡིན་པ་རེད། མིག་སྔར་རོགས་སྐྱོར་ཚོགས་པའི་དགེ་རྒན་6ནི་ཧྲང་ཧའེ་གྲོང་ཁྱེར་ཧུང་ཁོའུ་ཆུས་ཀྱི་མཐོ་རིམ་སློབ་འབྲིང་5ནས་ཡིན་ལ། བསམ་བློ་ཆབ་སྲིད་དང་། ཨང་རྩིས། དབྱིན་ཡིག དངོས་ལུགས། སྐྱེ་དངོས། ལུས་རྩལ་བཅས་རིག་ཚན་6དང་འབྲེལ་བ་ཡོད། ལུའུ་ཉིང་གིས“ང་ཚོས་ཧྲང་ཧའེ་དང་མཚོ་སྔོན་ས་ཆ་གཉིས་ཀྱི་ལེགས་ཆ་ཧུར་ཐག་འདོན་པ་དང་མཐུན་རྐྱེན་བསྐྲུན་ནས་སློབ་མ་ཡོངས་ལ་སྤུས་ལེགས་ཀྱི་སློབ་གསོའི་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་པར་བྱེད་ཀྱི་ཡིན”ཞེས་བརྗོད།
མགོ་ལོག་ཀྲོའུ་ཡི་ཀྲོའུ་ཀྲང་གཞོན་པ་ཚའོ་ཧྥ་ཧྲན་གྱིས། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་དཔེ་སྟོན་ཡོད་པས་མགོ་ལོག་གིས་ཡར་རྒྱས་ཀྱི་སྤུས་ཚད་ལེགས་སུ་ཤུགས་ཆེན་གཏོང་རྒྱུ་ཡིན། མིག་སྔར་ཡུལ་གཞན་དུ་སྐྲུན་བཞིན་པའི་མགོ་ལོག་མཚོ་ཤར་སློབ་འབྲིང་གི་མ་འཇོག་བསྡོམས་འབོར་དང་། འཛུགས་སྐྲུན་གཞི་ཁྱོན། སློབ་གནས་བཀོད་སྒྲིག་བཅས་ཚང་མ་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ལས་བརྒལ་ཡོད་པ་དང་། ཕུལ་བྱུང་དགེ་རྒན་ནང་འདྲེན་བྱེད་པའི་མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་གི་བྱེད་ཐབས་བཟང་པོ་མུ་མཐུད་དཔྱད་གཞིར་བཟུང་ནས་ཀྲོའུ་ནང་ཁུལ་གྱི་འོས་འགན་སློབ་གསོའི་འཕེལ་རྒྱས་དོ་སྙོམས་མེད་པ་དང་། འཐུས་སྒོ་མི་ཚང་བ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ཕུལ་བྱུང་སློབ་གནས་མཁོ་སྤྲོད་མི་འདང་བ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱ་རྒྱུ་རེད་ཅེས་བཤད།
“མགོ་ལོག་ཀྲོའུ་ཡིས་ཡུལ་གཞན་དུ་སློབ་གྲྭ་གཉེར་བའི་ཕན་འབྲས་ཆེ་རུ་གཏོང་བ་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལག་ལེན་གྱི་གཞི་རྟེན་གལ་ཆེན་དུ་བརྩིས་ནས། སློབ་གསོ་དོ་སྙོམས་འཕེལ་རྒྱས་ཀྱི་ལམ་བུ་རང་འགུལ་ངང་འཚོལ་ཞིབ་ཀྱིས་སློབ་གསོ་སྔར་བས་ལེགས་པའི་ཕྱོགས་སུ་ཡར་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་ཀྲོའུ་ནང་ཁུལ་གྱི་འབྲོག་པའི་སློབ་མ་འཚར་ལོངས་ཡོང་བ་དང་འཇོན་ཐང་ཅན་དུ་འགྱུར་བའི་ལས་ལ་གཞོལ་གྱི་ཡིན”ཞེས་ཚའོ་ཧྥ་ཧྲན་གྱིས་བརྗོད།