དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མྱུར་སྐྱེལ“སྦྲག་ཐོག་བསྐུར་མ་དུས་ཐོག་ཏུ་མི་འབྱོར་བ”ནས“ཉིན་དེ་རང་དུ་འབྱོར་བའི”བར་དང་། སྔོ་ཚལ“ཁྲོམ་གཞུང་དུ་ཚོང་བར་འགྲོ་བ”ནས“དྲ་ཐོག་ནས་ཚོང་བའི”བར་གྱི་འགྱུར་ལྡོག

    འགྲིམ་འགྲུལ་སྟབས་བདེར་ཕྱིན་པ་ལས་མཛེས་སྡུག་ལྡན་པའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ།

    བོད་ལྗོངས་ཉིན་རེའི་ཚགས་པར་དང་སི་ཁྲོན་ཉིན་རེའི་ཚགས་པར་གྱི་ཁྲོན་བོད་ལམ་ཐིག་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་གིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-08

    བོད་ས་ཐག་རིང་བས་དྲ་གྲོགས་ཚོས“སྦྲག་ཐོག་བསྐུར་མ་དུས་ཐོག་ཏུ་མི་འབྱོར་བའི་ས་ཁུལ”ཞེས་འབོད་ཅིང་། ད་ཆ་ཕྱོགས་བཞི་མཚམས་བརྒྱད་དུ་འགྲིམ་འགྲུལ་ཤར་གཏོང་ཐུབ་པ་དང་ཟོག་འགྲེམས་མ་ལག་ཀྱང་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་ས་གནས་ལ་ལར“ཉིན་དེ་རང་དུ་འབྱོར་བ”དང་ཡང་ན“ཉིན་གཉིས་པར་འབྱོར”ནས་མྱུར་སྐྱེལ་གྲོང་ཚོ་དང་དུད་ཚང་ཁག་ཏུ་འབྱོར་བ་དེ་རྒྱུན་གཏན་ཅན་ལ་གྱུར་ཡོད།

    ཉིན་ཤས་གོང་། བཅར་འདྲི་ཚོགས་ཆུང་ཟོག་འགྲེམས་གླིང་དང་ཞིང་ལས་རྟེན་གཞིར་བསྐྱོད་དེ་ཟོག་འགྲེམས་ལས་ས་མཐོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཇི་ལྟར་བྱུང་མིན་ལ་བཅར་འདྲི་བྱས།

    ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་ཡོད་པའི་ཅིང་ཏུང་ཟོག་འགྲེམས་བོད་ལྗོངས་སྤྱི་པའི་མཛོད་ཁང་གཉེར་སྐྱོང་ལྟེ་གནས་སུ། མྱུར་སྐྱེལ་ཟོག་འདྲེན་རླངས་འཁོར་གྲལ་སྟར་བསྒྲིགས་ནས་བཞག་ཡོད་ཅིང་། ལ་ལས་དངོས་ཟོག་བླུགས་པ་དང་ལ་ལས་དངོས་ཟོག་འབེབས་བཞིན་འདུག

    2020ལོའི་ཟླ་12པར། གཉེར་སྐྱོང་ལྟེ་གནས་དངོས་སུ་སྤྱོད་འགོ་ཚུགས་ནས་ཟོག་འགྲེམས་ཀྱི་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་པ་མ་ཟད། མཛོད་ཁང་གི་དངོས་ཟོག་ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་སུ་ཉིན་དེ་རང་དུ་འབྱོར་གྱི་ཡོད་པ་དང་། ལྷོ་ཁ་དང་། ནག་ཆུ། ཉིང་ཁྲི། གཞིས་རྩེ་སོགས་གྲོང་ཁུལ་དུ་ཉིན་གཉིས་པར་འབྱོར་གྱི་ཡོད་པ་རེད།

    “ལོ་10ཡི་གོང་དུ། དངོས་ཟོག་ཁྲེང་ཏུའུ་ནས་མཚོ་བོད་གཞུང་ལམ་བརྒྱུད་ལྷ་སར་དབོར་འདྲེན་བྱེད་པའི་བར་གཟའ་འཁོར་གཅིག་ཙམ་འགོར་གྱི་ཡོད། ད་ཆ་ཉིན་གསུམ་ལས་འགོར་གྱི་མེད”ཅིང་ཏུང་ཟོག་འགྲེམས་མཁོ་སྤྲོད་འཁོར་འབྲེལ་བྱ་གཞག་པུའི་བོད་ཀྱི་འགན་འཁུར་བ་མུའུ་ཧྲའོ་ལིན་གྱིས་ཟོག་འགྲེམས་མྱུར་ཚད་མགྱོགས་སུ་ཕྱིན་པའི་རྒྱུ་རྐྱེན་སྐོར་བརྗོད་སྐབས“ཕྱོགས་གཅིག་ནས་ཁྲོན་བོད་དང་མཚོ་བོད་གཞུང་ལམ་གྱི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་དང་། ཕྱོགས་གཞན་ཞིག་ནས་གཞུང་ལམ་བདག་སྐྱོང་གི་སྒྲིག་ཆས་དང་རྒྱུ་ཆ་སྔོན་ཐོན་ཡིན་པའི་དབང་གིས་རི་ཉིལ་བ་སོགས་ཀྱི་གནས་ཚུལ་འཕྲད་མ་ཐག་མྱུར་བཟོ་བྱས་ནས་ཤར་གཏོང་ཐུབ་པར་བྱེད་ཀྱི་ཡོད”ཅེས་བརྗོད་བྱུང་།

    ཟོག་འགྲེམས་མགྱོགས་སུ་ཕྱིན་པ་དེ་ལམ་ཤར་གཏོང་ཐུབ་པ་ལས་བྱུང་བ་ཞིག་རེད་ལ། ད་དུང་རིག་ནུས་སྒྲིག་ཆས་སྤྱད་པ་ལས་བྱུང་བ་ཞིག་རེད།

    དངོས་ཟོག་དབྱེ་སར། སྐྱེལ་འདྲེན་འཕྲུལ་མི་100ལྷག་ཙམ་དང་རང་འགུལ་འཕྲུལ་ཆས་ཀྱིས་མཉམ་དུ་དངོས་ཟོག་དབྱེ་བ་ཕྱེ་བཞིན་འདུག མུའུ་ཧྲའོ་ལིན་གྱིས། 2021ལོར་གཉེར་སྐྱོང་ལྟེ་གནས་ཀྱིས་རིག་ནུས་ཟོག་འགྲེམས་སྒྲིག་ཆས་སྤྱོད་འགོ་ཚུགས་པས་དུས་ཐུང་ནང་ཁུག་མ་ཁྲི་བརྒྱ་ཙམ་དབྱེ་བ་ཕྱེ་ཐུབ་པ་མ་ཟད། ཆུ་ཚོད་24བར་མཚམས་མེད་པར་ལས་ཀ་བྱེད་པས། དངོས་ཟོག་དབྱེ་བ་ཕྱེ་ཚད་མགྱོགས་སུ་ཕྱིན་པ་དང་དེ་བས་ཞིབ་ཚགས་སུ་སོང་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གི་ཐག་རིང་འབྲོག་ཁུལ་ནས་ཡིན་པའི་ཡེ་ཤེས་རྒྱལ་གྱིས་ཆུང་དུས་མི་རྒན་པ་ཚོས་རྟ་དང་སྦག་སྦག་བཞོན་ནས་ལམ་ཐག་རིང་པོར་མ་བལྟོས་པར་དངོས་ཟོག་ཉོ་བར་འགྲོ་བའི་གནས་ཚུལ་ད་དུང་སེམས་ལ་གསལ་པོར་ངེས་ནས་ཡོད། ལས་གཉེར་ལྟེ་གནས་སུ་དངོས་སྦྱོང་བྱེད་པའི་ཉིན་དང་པོ་ནས་བཟུང་ཁོང་གིས་ལས་ཆོད་ཆེ་བའི་ལས་ཀ་དེར་རྦད་དེ་དབྱིངས་བཞུགས་ཡོད།

    “འཕྲུལ་མིས་དངོས་ཟོག་དབོར་བའི་བརྙན་ལམ་ཕ་མར་སྟོན་སྐབས་ཁོང་ཚོ་ཧང་སངས་སོང་། ངའི་པཱ་ལགས་ཀྱིས་དྲ་ཐོག་ནས་མངགས་ཉོ་བྱེད་ཤེས་པས། བརྙན་འཕྲིན་དང་། འཁྱགས་སྒམ། གྱོན་ཆས། ཉིན་མཁོའི་དངོས་རྫས་བཅས་མང་ཆེ་བ་དྲ་ཐོག་ནས་ཉོ་གི་ཡོད། དྲ་ཐོག་ཏུ་དངོས་ཟོག་གི་སྣ་ཁ་ཕུན་སུམ་ཚོགས་པ་དང་མགྱོགས་པོ་འབྱོར་གྱི་ཡོད་པས། གྲོང་ཚོའི་མི་མང་པོ་ཞིག་གིས་དྲ་ཐོག་ནས་དངོས་རྫས་ཉོ་བར་དགའ་པོ་བྱེད་ཀྱི་ཡོད”ཅེས་བཤད།

    2023ལོའི་ལོ་མཇུག་བར། ཅིང་ཏུང་ཟོག་འགྲེམས་ཀྱིས་བོད་དུ་རང་སྐྱོང་ལྗོངས་རིམ་པའི་མཛོད་སྒྲིག་ལྟེ་གནས་གཅིག་དང་། གྲོང་ཁྱེར་དང་ས་ཁུལ་རིམ་པའི་མཛོད་སྒྲིག་ལྟེ་གནས་7 དེ་བཞིན་རྫོང་དང་ཆུས་རིམ་པའི་མཐའ་སྣེའི་སྡེབ་སྐྱེལ་ས་ཚིགས་14བཅས་བསྐྲུན་ནས། གཞུང་ལམ་ཨ་མ་དང་ཡན་ལག་ལམ་ཐིག་9སྐྱེལ་འདྲེན་ལམ་ཐིག་ཏུ་བྱས་ཏེ་ལྗོངས་ཡོངས་ཀྱི་ས་ཁུལ་མང་ཆེ་བར་ཁྱབ་པའི་ཟོག་འགྲེམས་དྲ་བ་བསྐྲུན་ཡོད། 2023ལོར་ཅིང་ཏུང་ཟོག་འགྲེམས་ལྷ་ས་རིག་ནུས་མཛོད་ཀྱིས་ལྗོངས་ཡོངས་སུ་དངོས་ཟོག་འདོན་ཚད་དུས་མཚུངས་ལས་20%ཙམ་འཕར་ཡོད།

    ཉོ་ཚོང་གཉིས་ཀར་སྟབས་བདེ་བྱུང་ཡོད།

    སྟག་རྩེ་ཆུས་གསེར་གྱི་གྲོ་སྙེའི་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སིའི་དྲོད་ཁང་ནང་ས་གནས་དེ་གའི་མང་ཚོགས་ཚོས་སྨིན་ཟིན་པའི་ཀྲོ་མ་ཀྲུ་ཆུང་ཆུང་འཐུ་བཞིན་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་མཆིས། འགན་འཁུར་བ་ཚེ་རིང་ཆོས་སྒྲོན་དང་གྲོང་ཚོའི་སློབ་གྲྭ་ཆེ་མོ་བ་ཁ་ཤས་ཀྱིས་དེའི་འགྲམ་དུ་ཐད་གཏོང་ནས་འཚོང་བཞིན་འདུག

    ཚེ་རིང་ཆོས་སྒྲོན་གྱིས“ཀྲོ་མ་ཀྲུ་ཆུང་ཆུང་དེ་དག་དྲོད་ཁང་ནས་བཀོག་མ་ཐག་རེད། གཟིགས་དང་སོས་པ་སོས་ཀྱང་རེད། དེ་རིང་མངགས་ཉོ་བྱས་ཚེ་ཉིན་གཉིས་པར་ལྷ་ས་དང་། ལྷོ་ཁ། གཞིས་རྩེ་བཅས་སུ་འབྱོར་གྱི་རེད”ཅེས་བརྗོད།

    སྟག་རྩེ་ནས་ཡིན་པའི་ཚེ་རིང་ཆོས་སྒྲོན་ནག་ཆུ་དང་ཉིང་ཁྲིར་གླ་པ་བྱེད་མྱོང་ཡོད་ལ། ཁེར་རྐྱང་ཚོང་དུད་ཀྱི་ལས་ཀའང་བྱེད་མྱོང་ཡོད། ཁོང་2015ལོར་ཕ་ཡུལ་དུ་ལོག་ནས་ཕྱུག་འགྱུར་ལས་ལ་གཞོལ་འགོ་ཚུགས།

    གྲ་སྒྲིག་ཨང་བསར་བྱས་རྗེས། 2016ལོའི་ཟླ་3པར་སྟག་རྩེ་ཆུས་གསེར་གྱི་གྲོ་སྙེའི་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་པ་དང་ཚེ་རིང་ཆོས་སྒྲོན་གྱིས་ཀུང་སིའི་ཏུང་ཧྲི་ཀྲང་བྱས། གྲོང་མི་སྣེ་ཁྲིད་དེ་ཐུན་མོང་ཕྱུག་འགྱུར་ཡོང་ཆེད། ལོ་དེའི་ཟླ་12པར་ཁོང་གིས་སླར་ཡང་སྟག་རྩེ་ཆུས་ཀྱི་གྲོ་སྙེའི་ཞིང་ལས་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས།

    གྲོང་མི་ཚོས་ཁྱིམ་ལུད་སྤྱོད་པ་དང“ལྗང་མདོག་སྔོ་ཚལ”བཏབ་ཀྱང་ཡོང་འབབ་བློ་ལ་བབས་པ་ཞིག་རག་མེད། “ལྷ་ས་དང་ཐག་ཉེ་བ་དང་ཚོང་པས་ཀྱང་སྒོ་རྩར་ཉོ་བར་ཡོང་གི་ཡོད་པས་མི་བྲིན་པའི་སེམས་ཁྲལ་མེད། འོན་ཀྱང་ང་ཚོས་བཏབ་པའི་ལྗང་མདོག་སྔོ་ཚལ་དག་ཚལ་གཞན་དང་མཉམ་དུ་བསྲེས་ནས་བཙོངས་དགོས་པས། དེའི་ཁྱད་ཆོས་མངོན་མི་ཐུབ་ལ། གོང་ཡང་མཐོ་པོ་རག་གི་མིན་འདུག”ཅེས་ཚེ་རིང་ཆོས་སྒྲོན་གྱིས་བརྗོད།

    བརྒྱད་ཅུའི་ནང་སྐྱེས་ཀྱི་ཚེ་རིང་ཆོས་སྒྲོན་ཕྱིར་བསྐྱོད་མང་བར་བརྟེན་མཐོང་རྒྱ་ཆེ་བ་དང་། དྲ་ཐོག་ནས་དངོས་ཟོག་ཉོ་བའི་ཉམས་མྱོང་ཡོད་པར་བརྟེན་ཁོང་གིས་དྲ་ཐོག་ནས་སྔོ་ཚལ་འཚོང་འགོ་ཚུགས།

    “ཐད་གཏོང་བྱེད་སྐབས་འཛད་སྤྱོད་པས་ཐོན་སྐྱེད་ཀྱི་རྣམ་པ་མཐོང་ཐུབ་པས་ཉོ་སེམས་ཀྱང་ཆེ་རུ་འགྲོ་གི་འདུག ང་ཚོའི་ཤིང་འབྲས་དང་སྔོ་ཚལ་གྱི་སྤུས་ཀ་ལེགས་པས་བསྐྱར་དུ་ཉོ་མཁན་མང་ལ། ཐད་གཏོང་བྱེད་སྐབས་ཁོང་ཚོའི་མོས་རྟགས་དང་གདེང་འཇོག་དག་ཀྱང་འཛད་སྤྱོད་པ་གཞན་དག་གིས་གསལ་པོ་མཐོང་ཐུབ་པས། ཉོ་མཁན་དེ་བས་མང་དུ་འགྲོ་གི་འདུག སྔོན་མ་ཀྲོ་མ་ཀྲུ་ཚོང་པར་འཚོང་སྐབས་རྒྱ་མ་གང་ལ་སྒོར་བཞི་ལྔ་ཙམ་ལས་རག་གི་མེད། ད་ཆ་རྒྱ་མ་གང་ལ་སྒོར་10ཙམ་རག་གི་འདུག འདི་ལོའི་ཟླ་དྲུག་པ་དང་བདུན་པར་ཀྲོ་མ་ཀྲུ་ཁོ་ནའི་མངགས་ཐོ་2000ལྷག་ཙམ་ཟིན་པ་དང་མངགས་ཐོ་རེར་རྒྱ་མ་3ལྷག་ཙམ་ཡོད”ཅེས་ཚེ་རིང་ཆོས་སྒྲོན་གྱིས་གསར་འགོད་པར་བརྗོད།

    ང་ཚོའི་བཅར་འདྲིའི་ནང་དོན་འགྲིམ་འགྲུལ་དང་འབྲེལ་བ་ཡོད་པ་ཤེས་རྗེས། ཚེ་རིང་ཆོས་སྒྲོན་གྱིས། བོད་ཀྱི་གཞུང་ལམ་ལེགས་ལ་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པས་འཚོ་བ་ཇེ་ལེགས་སུ་འགྲོ་ངེས་རེད། དྲ་རྒྱ་ཡང་ཤར་གཏོང་ཐུབ་པས་ང་ཚོ་དང་ཕྱི་ཕྱོགས་ཀྱི་བར་ཐག་ཉེ་རུ་ཕྱིན་ཡོད། སྔོན་མ་ཚང་མ་ཕྱིར་འགྲོ་འདོད་བྱེད་ཀྱི་ཡོད། ད་ཆ་སློབ་གྲྭ་ཆེ་མོ་བ་མང་པོ་ཞིག་ཕ་ཡུལ་དུ་ལོག་ཡོང་གི་ཡོད་པས་གྲོང་ཚོར་གསོན་ཤུགས་དང་རེ་བས་ཁེངས་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།