ཤར་གངས་ལའི་ཕུག་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་སྟེ།
“བོད་སྐྱོད་ཀྱི་ཉེན་ལམ་དང་པོ”ད་ནས་བཟུང་བདེ་ལམ་དུ་གྱུར་པ།
ཉེ་ཆར། ཆབ་མདོ་གྲོང་ཁྱེར་དཔལ་འབར་རྫོང་གི་ཤར་གངས་ལའི་ཕུག་ལམ་བསྐྲུན་ནས་རླངས་འཁོར་ཤར་གཏོང་ཐུབ་ཅིང་། “བོད་སྐྱོད་ཀྱི་ཉེན་ལམ་དང་པོ”ཞེས་སུ་གྲགས་པའི་ཤར་གངས་ལ་དེ་ཉིད་བདེ་ལམ་དུ་གྱུར་པ་རེད།
ཤར་གངས་ལའི་ཕུག་ལམ་ནི་ཆབ་མདོ་ནས་ལྟེ་བའི་གྲོང་ཁྱེར་ལྷ་ས་བར་འབྲེལ་མཐུད་ཐུབ་པའི་འགྲིམ་འགྲུལ་གྱི་འཕར་རྩ་ཆེན་པོ་ལྟ་བུའི་རྒྱལ་ལམ་349ཡི་དབུས་ཀྱི་དུམ་བུར་གནས་ཤིང་། ཕུག་ལམ་དེའི་སྤྱིའི་རིང་ཚད་ལ་སྨི་4392ཟིན་པ་དང་རིམ་པ་གསུམ་པའི་གཞུང་ལམ་གྱི་ཚད་གཞི་ལྟར་ཆུ་ཚོད་རེར་སྤྱི་ལེ་30ཡི་མྱུར་ཚད་ཇུས་འགོད་བྱས་ཡོད་ལ། རླངས་འཁོར་མགྱོགས་ཤོས་བཏང་ན་སྐར་མ་10ཡི་ནང་ཚུན་དུ་སྒྲོལ་ཐུབ་ཀྱི་ཡོད་པ་རེད།
དེ་གོང་དཔལ་འབར་རྫོང་གི་མང་ཚོགས་དང་། འགྲོ་འོང་བྱེད་མཁན། རླངས་འཁོར་བཅས་ལྷ་སར་སྐྱོད་སྐབས་གངས་རི་དེའི་སྟེང་དུ་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་ལ། བགྲོད་ལམ་དཀའ་ཉེན་ཆེ་ཁར་ལོ་ལྟར་གྱི་ཟླ་10པའི་ཟླ་མཇུག་ནས་ཕྱི་ལོའི་ཟླ་4པའི་བར་ཁ་བ་ཆེན་པོ་བབས་སྟེ་རི་རྒྱ་བསྡམས་ནས་འགྲུལ་བཞུད་ལ་འགོག་རྐྱེན་ཆེན་པོ་བཟོ་བར་བརྟེན། འགྲིམ་འགྲུལ་སྟབས་བདེ་མེད་པ་ནི་དཔལ་འབར་རྫོང་གི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་འཇུར་མིག་ལྟ་བུར་གྱུར་ཡོད།
2018ལོའི་ཟླ་7པར། ཤར་གངས་ལའི་ཕུག་ལམ་ཕྱོགས་གཉིས་ནས་སྔོག་འདོན་བྱས་ཏེ་དུས་ཡུན་ལོ་6སྤྱད་ནས་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་ཅིང་། རླངས་འཁོར་ཤར་གཏོང་གི་མཛད་སྒོ་སྤེལ་ཡུལ་དུ་དར་ཚོན་ལྷབ་ལྷུབ་ཏུ་གཡོ་བ་དང་རྣམ་པ་ཧ་ཅང་འཁྲུག་པོ་ཡོད་པ་རེད། དཔལ་འབར་རྫོང་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་གཟབ་མཆོར་སྤྲས་པ་དང་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར། རླངས་འཁོར་དང་པོ་དེ་ཕུག་ལམ་དུ་དལ་བུར་བསྐྱོད་མ་ཐག་ས་ཡུལ་དངོས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགའ་འབོད་ཀྱི་སྐད་སྒྲ་གྲགས་པ་རེད།
དཔལ་འབར་རྫོང་མཚོ་ཁ་གྲོང་རྡལ་བསྟན་དར་གྲོང་ཚོའི་ཡུལ་མི་བསོད་ནམས་དོན་གྲུབ་ཀྱིས“སྔོན་ཆད་ཤར་གངས་ལ་བརྒྱུད་སྐབས་ང་ཚོར་འགོག་རྐྱེན་ཧ་ཅང་ཆེན་པོ་འཕྲད་ཀྱི་ཡོད། ད་ཆ་ཕུག་ལམ་ཤར་གཏོང་ཐུབ་པས་ང་ཚོའི་འཚོ་བར་རེ་བས་ཁེངས་སོང་། དཀའ་སྤྱད་ངང་ཨར་ལས་བྱེད་མཁན་རྣམ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན”ཞེས་བཤད།
ཤར་གངས་ལའི་ཕུག་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་པ་དེ་ཐོག་ནས་དཔལ་འབར་རྫོང་གིས་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་བཏོད་པ་མཚོན་པ་མ་ཟད། དཔལ་འབར་རྫོང་དེ་ཆབ་མདོ་ནས་ལྷ་སའི་དཔལ་འབྱོར་ཁུལ་དང་འདྲེས་པའི“ཟམ་སྣེའི་བཙན་རྫོང”དུ་གྱུར་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི“མགྱོགས་བགྲོད་འཁོར་ལམ”དུ་ཞུགས་པའང་མཚོན་ཡོད་པ་རེད།