སྐྱེ་སྟོབས་ཀྱི་དཔལ་འབར་བའི་སའི་སོ་གྲོང་ཚོ།
འདི་ནི་སའི་སོའི་སྡོད་ཁང་ཡིན་པ།
ཉེ་ཆར། “རྔ་པར་མཇལ་འཛོམས། རིན་ཆེན་གཏེར་མཛོད་ཀྱི་གནས་མཆོག་འབར་ཁམས་འཚོལ་བ”ཞེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོར་བཞུགས་མཁན་གྱི་གསར་འགོད་པ་རྣམས་སའི་སོ་གྲོང་ཚོར་བཅར་འདྲི་བྱེད་པར་བསྐྱོད་པ་ཡིན།
སི་ཁྲོན་ཞིང་ཆེན་འབར་ཁམས་གྲོང་ཁྱེར་གྱི་ཤར་ངོས་སུ་གནས་པའི་སའི་སོ་གྲོང་ཚོ་ནི་ཁྱད་ལྡན་ཡུལ་སྐོར་ས་ཚིགས་གལ་ཆེན་ཞིག་ཡིན་པ་ཐེ་ཚོམ་ཅི་ཡང་མེད། འདྲེན་བྱེད་དབང་པོའི་ངོས་སུ་འཆར་རྒྱུ་ཡོད་པའི་སའི་སོ་གྲོང་ཚོའི་སྡོད་ཁང་ལ་རྒྱལ་རོང་ཁུལ་གྱི་འཛུགས་སྐྲུན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད་པས། ལོ་ལྟར་སའི་སོ་གྲོང་ཚོར་ཡོང་འདོད་ཡོད་པའི་ཡུལ་སྐོར་བ་མང་པོ་ཡོད་པ་རེད། 2002ལོར་སའི་སོ་གྲོང་ཚོར་ཞིང་དུད་དགའ་ཚལ་ཐོག་མ་དེ་བཙུགས་རྗེས། རྒྱལ་ཡོངས་སུ་ཡུལ་སྐོར་ཚ་རླབས་འཕྱུར་བ་དང་བསྟུན་ནས་སའི་སོ་གྲོང་ཚོའི་གྲོང་མིས་སའི་སོ་བའི་ཞིང་དུད་དགའ་ཚལ་དང་། སྟར་ཀ་ར་བའི་ཞིང་དུད་དགའ་ཚལ། ཆུ་འབབ་མགྲོན་ཁང་སོགས་ཞིང་དུད་དགའ་ཚལ་མང་དག་ཅིག་བཙུགས་ནས་ཡུལ་སྐོར་བ་ཁྲི་ཁ་ཤས་ལ་སྣེ་ལེན་ཞུས་ཡོད་པ་དང་། དབྱར་ཁའི་དུས་སུ་ཞིང་དུད་དགའ་ཚལ་དུ་ཡུལ་སྐོར་བས་ཁེངས་ནས་སྡོད་ཀྱི་ཡོད་པ་རེད། ཞིང་དུད་དགའ་ཚལ་གྱི་འགྲམ་དུ་གྲོང་མི་མི་ཉུང་བ་ཞིག་གིས་རོ་བརྒྱའི་བྲོ་བ་ལྡན་པའི་ཁོ་ཧྥེ་ཁང་བཙུགས་ཡོད་པ་དང་། གཟའ་མཇུག་གི་སྐབས་སུ་ཁོ་ཧྥེ་ཁང་དུ་གླེང་མོལ་བྱེད་མཁན་གྱི་མགྲོན་པོས་ཁེངས་ནས་གྲོང་ཚོའི་ནང་འཁྲུག་ཆ་དོད་པོ་ཡོད་པ་རེད།
མིག་སྔར་གོང་རིམ་དང་སའི་སོ་གྲོང་ཚོས་ཐང་ག་དང་འཐག་ལས་སོགས་མངོན་མིན་རིག་གནས་ཤུལ་བཞག་གི་ལས་ལ་གཞོལ་བའི་དུད་ཚང་སྔོག་འདོན་དང་རོགས་སྐྱོར་བྱས་ཏེ། རིག་གནས་ཐོན་ལས་འཕེལ་རྒྱས་དང་འབབ་འཕར་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས་ཁྱིམ་ཚང་ཚང་མར་ཐོན་ལས་ཡོད་པ་དང་དུད་ཚང་ཚང་མར་ཡོང་འབབ་ཡོད་པ་བྱས་ཡོད།
འདི་ནི་ཙོག་ཙེའི་རྒྱལ་པོའི་རྒྱལ་ཁང་གི་བཀོད་པ་ཡིན་པ།
སའི་སོ་གྲོང་ཚོའི་ཁོངས་སུ་གནས་པའི་ཙོག་ཙེ་རྒྱལ་པོའི་རྒྱལ་ཁང་ནི་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་སྡེ་ཚན་ཞིག་ཡིན་པ་དང་། རྒྱལ་ཁང་དེའི་སྙན་པ་ནི་སྤོས་གཞོང་ལས་ལྡང་བའི་དྲི་བསུང་བཞིན་གང་སར་ཁྱབ་བཞིན་ཡོད། ཨ་རིའི་གྲགས་ཅན་རྩོམ་པ་པོ་སོའར་ཙི་པོ་ལི་ཡིས“ཤར་ཕྱོགས་ཨར་སྐྲུན་ལོ་རྒྱུས་ཐོག་གི་མུ་ཏིག”ཅེས་བསྔགས་བརྗོད་ཆེན་པོ་བྱས་མྱོང་། ཡུལ་སྐོར་བ་མང་པོ་ཞིག་སའི་སོ་གྲོང་ཚོར་ཡོང་དོན་ཡང་རྒྱལ་ཁང་དེའི་བཀོད་པ་དང་ལོ་རྒྱུས་ལ་རྒྱུས་ལོན་བྱེད་འདོད་ཡོད་པས་ཡིན། རྒྱལ་ཁང་དེ་ནི་ཐོག་མར་སྤྱི་ལོ་1286ལོར་བསྐྲུན་པ་ཞིག་ཡིན་པ་དང་། ལོ་རྒྱུས་ཀྱི་ལོ་རྒྱུན་རིང་མོའི་ཁྲོད་དུ་རྒྱལ་ཁང་དེར་འཕེལ་འགྲིབ་ཅི་རིགས་བྱུང་ཡོད། སྤྱི་ལོ་1936ལོར་སྟབས་མ་ལེགས་པར་རྒྱལ་ཁང་དེར་མེ་ཤོར་བ་རེད། དེ་ནི་རྒྱལ་ཁང་དེའི་འཇིག་པ་ཆེ་ཤོས་ཤིག་ཡིན། དགའ་འོས་པ་ཞིག་ལ་1938ལོར་ཉམས་གསོ་བྱས་ཡོད་པ་རེད། ཙོག་ཙེ་རྒྱལ་པོའི་རྒྱལ་ཁང་དུ་གསལ་བ་སྟག་འབུམ་ནས་ཚེ་དབང་ཕུན་ཚོགས་བར་རྒྱལ་རབས་བཅོ་བརྒྱད་ཙམ་བྱུང་ཡོད་པར་གྲགས། འབར་ཁམས་ནི་རྒྱལ་རོང་ཁུལ་གྱི་ལྟེ་བའི་ས་ཆར་གནས་ཡོད་པ་དང་། འབར་ཁམས་ཀྱི་འཛུགས་སྐྲུན་ཁྱད་ཆོས་དེ་རྒྱལ་རོང་ཁུལ་གྱི་ཚབ་མཚོན་རེད་ཅེས་བརྗོད་ཆོག འབར་ཁམས་ཀྱི་སའི་སོ་གྲོང་ཚོར་གནས་པའི་ཙོག་ཙེ་རྒྱལ་པོའི་རྒྱལ་ཁང་ལ་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བ་དང་། རྒྱལ་ཁང་དེར་རྒྱལ་རོང་ཁུལ་གྱི་རྒྱ་ཆེའི་མང་ཚོགས་རྣམ་པས་ལོ་ངོ་མང་པོའི་རིང་གསོག་འཇོག་བྱས་པའི་འཛུགས་སྐྲུན་ལག་རྩལ་གྱི་སྙིང་བཅུད་ཧ་ལམ་ཚུད་ཡོད་པ་རེད། རྒྱལ་ཁང་དེ་བརྒྱུད་ནས་སྐབས་དེ་ཤེད་ཀྱི་དཔོན་པོའི་ལམ་ལུགས་དང་། དཔལ་འབྱོར་གནས་སྟངས། ས་གནས་རིག་གནས་སོགས་ལ་རྒྱུས་ལོན་བྱ་རྒྱུར་ཕན་པ་ཆེ་བ་དང་། དེ་བཞིན་རྒྱལ་ཁང་དེ་ནི་རྒྱ་བོད་མི་རིགས་ཀྱི་འཛུགས་སྐྲུན་སྒྱུ་རྩལ་མཉམ་འདྲེས་ཀྱི་དཔེ་མཚོན་ཞིག་ཀྱང་ཡིན་པས་འཛུགས་སྐྲུན་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད།
འདི་ནི་གསར་འགོད་པས་ཙོག་ཙེ་རྒྱལ་པོའི་རྒྱལ་ཁང་ནང་པར་རྒྱག་བཞིན་པ།
ལོ་རྒྱུས་ཀྱི་མེ་ལོང་ལ་ལྟ་སྐབས་ཙོག་ཙེ་རྒྱལ་པོའི་རྒྱལ་ཁང་ནི་དམར་དམག་རྒྱང་སྐྱོད་བྱེད་སྐབས་ཀྱི་ས་ཚིགས་གལ་ཆེན་ཞིག་ཡིན། རྒྱལ་ཁང་དེར་མའོ་ཙེ་ཏུང་དང་། ཀྲོའུ་ཨེན་ལའེ་ལ་སོགས་པའི་ཀྲུང་དབྱང་གི་དབུ་ཁྲིད་དུས་ཡུན་གཟའ་འཁོར་གཅིག་བཞུགས་ནས་ཕྱག་ལས་གནང་མྱོང་བ་དང་། རྒྱལ་ཁང་དེའི་ནང་ལོ་རྒྱུས་ཀྱི་དྲན་ཤེས་ཁྱད་པར་ཅན་མང་པོ་བཞག་གནང་ཡོད། ད་ཆ་རྒྱལ་ཁང་དེ་ཉིད་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་སྟེ་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་ཀྱི་ཡོད་པ་རེད། ཙོག་ཙེ་རྒྱལ་པོའི་རྒྱལ་ཁང་དེ་ས་ཕྱོགས་ཁག་ཏུ་སྐད་གྲགས་ཆེ་བས་རྒྱལ་ཁང་དེར་ཡོང་མཁན་གྱི་ཡུལ་སྐོར་བ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་ཉིན་རེ་ནས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་མཆིས།
འདི་ནི་ཙོག་ཙེའི་རྒྱལ་པོའི་རྒྱལ་ཁང་གི་ཕྱིའི་རྩིག་པ་ཡིན་པ།
ད་ལྟའི་ཆར་སའི་སོ་གྲོང་ཚོར་འཚོ་ཞིང་གཞེས་པའི་མང་ཚོགས་རྣམས་ལྟོ་གོས་ལ་སེམས་ཁྲལ་མི་དགོས་པར་བདེ་ཞིང་སྐྱིད་པའི་འཚོ་བར་རོལ་ཐུབ་པ་མ་ཟད། མང་ཚོགས་ཀྱི་རིག་གནས་འཚོ་བ་ཡང་ཕུན་སུམ་ཚོགས་པོ་ཡོད་པ་རེད། གྲོང་ཚོ་དེ་ནི་དུས་རབས་གསར་པའི་འོད་སྟོང་འོག་གསེར་འོད་ལྷམ་ལྷམ་དུ་འཕྲོ་བའི་གྲོང་ཚོ་ཞིག་ཡིན་པ་སྨོས་མེད་ལགས། དེ་ནི་ཏང་དང་རྒྱལ་ཁབ་ཀྱིས་སྲིད་ཇུས་དང་རྒྱུ་དངོས་སོགས་ཕྱོགས་མང་པོའི་ཐད་ནས་ས་གནས་དེའི་གའི་འཕེལ་རྒྱས་ལ་རོགས་སྐྱོར་ཤུགས་ཆེན་བྱས་པའི་རྨང་གཞིའི་ཐོག ས་གནས་དེ་གའི་མང་ཚོགས་ཀྱིས་འབད་པ་ཧུར་སྐྱེད་བྱས་པ་ལས་བྱུང་བ་ཞིག་ཡིན་པ་རེད།
གསར་འགོད་པ། ཕུར་བུ་ཚེ་རིང་། བློ་བསྟན། ཚེ་བརྟན་རྡོ་རྗེ། ཉི་མ་ཚེ་རིང་། ཚེ་ཁོ། ཕན་ཐོགས།