དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཁ་གཏད་བོད་སྐྱོར་ལ་བརྟེན་ནས“འཛམ་གླིང་ཡང་རྩེའི” དམངས་འཚོ་ལེགས་སུ་རྒྱུན་མཐུད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-07

    བོད་ཤར་རྒྱུད་ཀྱི་འཕྲེད་རྒྱུག་རི་རྒྱུད་ཀྱི་དབུས་སུ་དང་དབྲི་ཆུའི་སྟོད་རྒྱུད་དུ་གནས་ཤིང་། རྒྱབ་ཏུ་རི་དང་མདུན་དུ་ཆུ་མོས་བརྒྱན་པའི་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀརྨ་ཤང་གླིས་ཐོག་གྲོང་ཚོ་དེ་དུས་ཐུང་ལོ་གཉིས་ནང་སྐད་གྲགས་གང་ཡང་མེད་པའི་གྲོང་ཚོ་ཆུང་ངུ་ཞིག་ནས་གང་སར་སྐད་གྲགས་ཆོད་པའི་ཡུལ་སྐོར་ཤང་གྲོང་ཞིག་ལ་འགྱུར་ལྡོག་བྱུང་ཡོད།

    གནའ་ནས་ད་བར་དེ་གའི་མང་ཚོགས་ལ་ཐང་ག་བཞེངས་པ་དང་། ལྕགས་རིགས་རྡུང་བཟོ། རྡོ་བརྐོས་སོགས་ཀྱི་མི་རིགས་ལག་ཤེས་ཐོན་རྫས་བཟོ་བའི་སྲོལ་རྒྱུན་ཡོད། “ད་ལོའི་ཟླ་6པ་ནས་བཟུང་། འགྲུལ་ཁང་5ཡི་ཉལ་ཁྲི་ཁྱོན་བསྡོམས་12ཡོད་པའི་ང་ཚོའི་གནས་ཚང་ལ་འགྲུལ་པ་རྡག་རྡག་ཁེངས་ནས་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང་། དེ་གླ་པ་རྒྱུག་པ་ལས་ཡོང་འབབ་མང་བ་དང་ལས་ཀར་དཀའ་ལས་དེ་ཙམ་མི་འདུག”ཅེས་དམངས་སྲོལ་གནས་ཚང་གཉེར་སྐྱོང་བྱེད་ཐེངས་དང་པོ་ཡིན་པའི་གླིས་ཐོག་གྲོང་ཚོའི་ཡུལ་མི་ཡོན་ཏན་འཇིགས་མེད་ཀྱིས་དེ་ལྟར་བརྗོད།

    གྲོང་གསེབ་དར་རྒྱས་ཀྱི་མཁྲེགས་ཆས་འདེགས་སྐྱོར་གྱི་གྲས་ཤིག་ཡིན་པའི་ཡོན་ཏན་འཇིགས་མེད་ཚུད་པའི་གྲོང་དུད་82ཀྱི་སྡོད་ཁང་ནི་ཐེན་ཅིང་བོད་སྐྱོར་མ་དངུལ་གྱིས་སྐྲུན་རོགས་བྱས་པ་རེད། ཐེན་ཅིང་བོད་སྐྱོར་ལས་དོན་རུ་ཁག་གིས་ཉེ་བའི་ལོ་གཉིས་ནང་སྒོར་ཁྲི་1100བཏང་ནས་གླིས་ཐོག་གྲོང་ཚོར་ཆུ་དང་། གློག ལམ། མཉམ་འབྲེལ་དྲ་རྒྱ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་བྱས་པ་དང་། དེའི་ནང་ནས་སྒོར་ཁྲི་500དམངས་སྲོལ་གནས་ཚང་སྐྲུན་པར་སྤྱད་དེ་ཉལ་ཁྲི་ཁྱོན་བསྡོམས་80ཡོད་པའི་དམངས་སྲོལ་གནས་ཚང་9བསྐྲུན་ཡོད།

    གླིས་ཐོག་གྲོང་ཚོར་ཐང་གའི་ཁྱབ་ཁོངས་ཀྱི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་གཅིག་དང་ལྷ་བྲིས་ཆེ་མོ་བ་མང་པོ་ཡོད་ཅིང་། ཐེན་ཅིང་བོད་སྐྱོར་ལས་བྱེད་པ་དང་ཁ་རུབ་ཆུས་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལིའུ་ཧུའེ་ཡིས། ཕྱིས་སུ་ཆབ་མདོའི་ཁྱད་ལྡན་ཐང་གའི་རིག་གནས་ལ་བརྟེན་ནས“ཡུལ་སྐོར་དང་མངོན་མིན་རིག་གནས་ཤུལ་བཞག་ཉམས་ལེན”གྱི་ཁྱད་ལྡན་རིག་གནས་ཡུལ་སྐོར་ལམ་ཐིག་བཏོན་ནས་ཡུལ་སྐོར་བ་དེ་བས་མང་པོའི་ཡིད་དབང་འགུག་ཐབས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ནས་ལོ་30སོང་རིང་། ཀྲུང་གོའི་ཞིང་ཆེན་དང་གྲོང་ཁྱེར་17དང་ཀྲུང་དབྱང་གི་ཁེ་ལས་བཅུ་ཕྲག་གིས་རང་ཉིད་ཀྱི་ལེགས་ཆ་བཏོན་ནས་དམངས་འཚོ་ལེགས་གཏོང་ལ་སྣང་ཆེན་བྱས་ཏེ“འཛམ་གླིང་ཡང་རྩེར”མི་རྒྱུ་དངོས་གསུམ་གྱི་འདེགས་སྐྱོར་རྒྱུན་མཐུད་བྱས་ཡོད་པ་རེད།

    ས་མཐོའི་ས་ཁམས་དང་གནམ་གཤིས་ལས་ཁྱད་འཕགས་ཀྱི་སྐྱེ་ཕན་ཕྲ་སྲིན་གྱི་སོན་རྩིའི་ཐོན་ཁུངས་གསོ་སྐྱོང་བྱས་ཡོད། ད་ལོའི་ཟླ་8ཚེས་19ཉིན་བོད་ལྗོངས་ཨན་ཆི་ཇོ་མོ་གླང་མའི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིའི་ས་མཐོའི་སྐྱེ་ཕན་ཕྲ་སྲིན་རྣམ་གྲངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚྭ་རྫོང་དུ་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་ཡོད།

    ས་མཐོའི་སྐྱེ་ཕན་ཕྲ་སྲིན་རྣམ་གྲངས་ཀྱི་ཅིང་ལི་ཧོ་ཤིན་ཀྲང་གིས། ཀུང་སིའི་དུས་ཐེངས་དང་པོའི་འཛུགས་སྐྲུན་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.86བཏང་ཟིན་པ་དང་། སྔོན་དཔག་བྱས་ན། ཕྱིས་སུ་ལོ་རེར་ས་མཐོའི་སྐྱེ་ཕན་ཕྲ་སྲིན་གྱི་འཁྱག་སྐམ་ཕྱེ་མ་ཏུན་200ཐོན་སྐྱེད་ཐུབ་རྒྱུ་དང་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་3ཟིན་རྒྱུ་རེད། ད་ཆ་ཀུང་སིར་ལས་མི་58ཡོད་པ་དང་དེའི་ནང་གྲངས་ཉུང་མི་རིགས་ཀྱི་ལས་མི་37ཡོད་ཅེས་ངོ་སྤྲོད་བྱས།

    ལོ་26ལ་སླེབས་པའི་ལྷག་སྒྲོན་ནི་གྲངས་ཉུང་མི་རིགས་ཀྱི་ལས་མི་37གྱི་གྲས་ཤིག་ཡིན་ཞིང་། ཁོ་མོ་བོད་ལྗོངས་ཞིང་འབྲོག་སློབ་གླིང་བཀོལ་སྤྱོད་རྫས་འགྱུར་ཆེད་ལས་ཚན་ཁག་ནས་ཐོན་པ་རེད། ན་ནིང་ཀུང་སིའི་སྤུས་ཚད་ཞིབ་བཤེར་ཚད་ལེན་གྱི་ལས་གནས་སུ་གདན་ཞུ་བདེ་བླག་ཐུབ་པ་རེད། “ལས་གནས་འདི་དང་ངའི་ཆེད་ལས་ག་བརྒྱབ་པས་དོན་སྙིང་ཡོད་པའི་ཚོར་སྣང་བྱུང་། ད་ཆ་ཁེ་ལས་མང་པོ་ཞིག་བོད་དུ་མ་འཇོག་ལས་གཏོད་བྱེད་པར་ཡོང་གི་འདུག་པས་ང་ཚོ་སློབ་ཆེན་སློབ་མར་ལས་ཞུགས་ཀྱི་གདམ་ག་དེ་བས་མང་པོ་ཡོང་ངེས་རེད”ཅེས་ལྷག་སྒྲོན་གྱིས་བརྗོད།

    གསར་འགོད་པས་ཉིན་ཤས་གོང་ལྷ་སར་འཚོགས་པའི“ལོ་30ཡི་རིང་གི་བོད་སྐྱོར་ལས་དོན་སྤེལ་ཚུལ”སྐོར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལོ་30ཡི་རིང་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱིས་བོད་ཀྱི་ཐོན་ཁུངས་ཀྱི་ལྷན་སྐྱེས་ལེགས་ཆ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ་ཐོན་ལས་རྣམ་གྲངས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་རྒྱུན་མཐུད་བཏང་སྟེ་ཐོན་ལས་འཕེལ་རྒྱས་ལ་བརྟེན་ནས་རོགས་སྐྱོར་བྱ་ཡུལ་གྱི་འཕེལ་རྒྱས་སྒུལ་ཤུགས་འཕེལ་བ་བྱས་ཡོད་པ་རེད།

    བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཅིང་ཚའེ་ཡིས་ཡོངས་བསྒྲགས་ཚོགས་འདུའི་ཐོག“ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས་ཐོན་ལས་བོད་སྐྱོར་རྣམ་གྲངས་229བཀོད་སྒྲིག་བྱས་ཡོད་པ་དང་། བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་44.06བཀོད་སྒྲིག་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།