བཀྲ་ཤིས་དགའ་སྟོན་འཁྲུག་ཆ་དོད། མེས་རྒྱལ་མངའ་ཐང་རྒྱས་པར་སྨོན།
རང་ལྗོངས་ཀྱི་མང་ཚོགས་ཀྱིས་རྒྱལ་སྟོན་གྱི་གུང་གསེང་དགའ་གཏོང་བྱེད་པའི་སྐོར་གྱི་མཐོང་ཐོས།
ཟླ་10ཚེས་1ཉིན། རྒྱལ་དར་སྒྲེང་བའི་མཛད་སྒོར་བལྟས་རྗེས། ལྷ་སའི་གྲོང་མི་དོན་གྲུབ་ཀྱིས་ནང་མི་ཁྲིད་དེ་ལྷ་སའི་གྲོང་འདབས་སུ་གླིང་ཁ་གཏོང་བར་བསྐྱོད། ཁོང་གིས“ལོ་ལྟར་གྱི་ཉིན་འདིར་ཁོམ་པ་ཡོད་རིམ་བཞིན་ངས་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོར་ལྟ་བར་འགྲོ་གི་ཡོད། སྐར་ལྔའི་དར་དམར་དལ་པོར་སྒྲེང་སྐབས་རང་ཉིད་ཀྲུང་གོ་བ་ཞིག་ཡིན་པའི་སྤོབས་སེམས་ཆེན་པོ་སྐྱེ་བ་དང་སྦྲགས། རང་ཉིད་ཀྱི་ད་ཆའི་བདེ་སྐྱིད་ལྡན་པའི་འཚོ་བར་དེ་བས་གཅེས་སྤྲས་བྱེད་དགོས་པའི་བསམ་བློ་ཡང་ཅིག་ཅར་དུ་འཁོར་གྱི་འདུག རྒྱལ་སྟོན་གུང་གསེང་རིང་ངས་ད་དུང་ནང་མི་ཁྲིད་དེ་ཉིང་ཁྲི་དང་ལྷོ་ཁར་ཡུལ་སྐོར་སྤྲོ་འཆམ་དུ་བསྐྱོད་ནས་དུས་ཆེན་གྱི་སྤྲོ་སྣང་ཉམས་སུ་མྱོང་རྩིས་ཡོད”ཅེས་བརྗོད།
རྒྱལ་སྟོན་གྱི་གུང་གསེང་རིང་། སྐུ་ཞབས་ཏོན་ལགས་ཀྱིས་མ་གཞི་གྲོགས་པོ་དང་མཉམ་དུ་ཕྲུ་གུ་ཉིང་ཁྲིར་ཁྲིད་རྩིས་ཡོད་པ་དང་ཐོག་མར་བྲག་གསུམ་མཚོར་འགྲོ་རྒྱུའི་ཁ་ཆད་བྱས། འོན་ཀྱང་གུང་གསེང་རིང་ཡུལ་སྐོར་བྱེད་མཁན་ཧ་ཅང་མང་བས་མགྲོན་ཁང་སོགས་སྔོན་མངགས་བྱེད་པར་དཀའ་ངལ་འཕྲད་པས། དེ་ཕྱིར་སྐུ་ཞབས་ཏོན་ལགས་ཀྱིས་ནང་མི་ཚང་མ་ཁྲིད་ནས་ཕྱི་རོལ་དུ་གུར་བརྒྱབ་ནས་སྡོད་རྒྱུའི་སེམས་ཐག་བཅད། ཁོང་གིས“ད་ཆའི་གུང་གསེང་དཔལ་འབྱོར་དངོས་གནས་དར་རྒྱས་ཆེན་པོ་ཕྱིན་འདུག གང་སར་གུར་བརྒྱབ་ནས་སྡོད་མཁན་ཤ་སྟག་རེད་འདུག དེས་མ་ཚད་ཕྱི་རོལ་དུ་གུར་བརྒྱབ་ནས་བསྡད་ན་དུས་རྒྱུན་དང་མི་འདྲ་བའི་མྱོང་ཚོར་ཞིག་འདུག ཕྲུ་གུ་ཚོས་ཕྱི་རོལ་དུ་གད་སྙིགས་སྒྲུག་པ་དང་། ལུས་སྦྱོང་བྱེད་པ། ཕྱི་རོལ་དུ་འཚོ་བ་སྐྱེལ་སྟངས་ཉམས་ལེན་བྱེད་པ། ད་དུང་རང་བྱུང་ཁམས་ཆེན་པོའི་མཛེས་པ་ཉམས་སུ་མྱོང་བ་བཅས་ནི་གདམ་ག་ཡག་པོ་ཞིག་རེད་འདུག”ཅེས་སྐུ་ཞབས་ཏོན་ལགས་ཀྱིས་མྱོང་ཚོར་ཟབ་མོའི་ངང་བརྗོད།
རྒྱལ་སྟོན་གུང་གསེང་རིང་། གྲོང་མི་བྱམས་པ་དཔལ་སྒྲོན་གྱིས་ཉིང་ཁྲི་གྲོང་ཁྱེར་དུ་སྡོད་མཁན་ནང་མིར་ལྷ་སར་ཡོང་བའི་སྤ་སེ་སྔ་ས་ནས་ཉོས་པ་མ་ཟད། ད་དུང་གུང་གསེང་གི་བཀོད་སྒྲིག་ཀྱང་ཧ་ཅང་ཡག་པོ་བྱས་ཡོད་པ་རེད། འཁྲབ་སྟོན་ལ་ལྟ་བ་དང་། གླིང་ཁ་གཏོང་བ། རི་འཛེགས་པ། ནང་མི་མཉམ་འཛོམས་ཀྱི་གསོལ་སྟོན་ལ་རོལ་བ་སོགས་དགའ་དགའ་སྤྲོ་སྤྲོའི་ངང་གུང་གསེང་གཏོང་རྩིས་ཡོད་པ་རེད། ཁོང་གིས“ང་དང་གཅུང་པོ་ས་ཆ་ཁག་ཁག་ཏུ་ལས་ཀ་བྱེད་ཀྱི་ཡོད། དེར་བརྟེན་ཕ་མ་གཉིས་རྟག་ཏུ་ས་ཆ་གཉིས་སུ་འགྲོ་དགོས་ཀྱི་ཡོད། ད་ཐེངས་ཀྱི་རྒྱལ་སྟོན་གུང་གསེང་རིང་ཁོང་ཚོ་ཚང་མ་ལྷ་སར་སྐད་བཏང་ནས་ང་ཚོ་ནང་མི་ཚང་མ་མཉམ་འཛོམས་བྱས་པ་ཡིན”ཞེས་བརྗོད།
ས་སྲོས་མཚམས་སུ་གང་སར་གློག་འོད་རབ་ཏུ་འཕྲོ། བྱམས་པ་དཔལ་སྒྲོན་གྱི་ནང་མི་ཚང་མ་དགོང་ཟས་བཟས་རྗེས་སེམས་མཐུན་སྤྱི་གླིང་དུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དར་དམར་སྡེ་ཁུལ་གྱིས་གཉེར་བའི་བརྗོད་དོན་གཙོ་བོའི“གྲོང་ཚོའི་མཚན་ཚོགས”ལ་ལྟ་བར་ཕྱིན། འཁྲབ་སྟོན་ནང་ཞབས་བྲོ་དང་། རྐྱང་གཞས། གྱོན་ཆས་འགྲེམས་སྟོན་སོགས་སྒྱུ་རྩལ་གྱི་རྣམ་པ་མང་པོ་ཡོད་ཅིང་། སྲོལ་རྒྱུན་རིག་གནས་ཀྱི་འགྲེམས་སྟོན་ཡོད་ལ་དེང་རབས་སྒྱུ་རྩལ་གྱི་གསར་གཏོད་ཀྱང་ཡོད་པས་ལྟད་མོ་བ་ཚོའི་དགའ་བསུ་ཆེན་པོ་ཐོབ། བྱམས་པ་དཔལ་སྒྲོན་གྱི་ནང་མི་རྣམས་ཀྱིས་ཀྱང་མཉམ་དུ་དགའ་འབོད་བྱེད་བཞིན་མིག་གི་སྟོན་མོ་གཟབ་རྒྱས་དེ་ལོངས་སུ་སྤྱོད་བཞིན་མཆིས།
“མཚན་ཚོགས་སྤེལ་སར་ཧ་ཅང་འཁྲུག་ཆ་དོད་པ་དང་འཁྲབ་སྟོན་ཡང་ལྟད་མོ་ཆེན་པོ་འདུག འདི་གར་ངས་མེས་རྒྱལ་གྱི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་མ་ཟད། མེས་རྒྱལ་དར་རྒྱས་གོང་འཕེལ་དང་རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་ལ་འཁོད་པའི་སྨོན་འདུན་ཡང་ཞུ་གི་ཡིན”ཞེས་བྱམས་པ་དཔལ་སྒྲོན་གྱིས་སེམས་འགུལ་ཐེབས་བཞིན་དུ་བརྗོད།
ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ཐའེ་ཀྲའོ་གྲོང་ཚོའི་གཏམ་རྒྱུད་འདུ་ཚོགས་དང་། རིག་རྩལ་འཁྲབ་སྟོན། མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་འཁྲུག་ཆ་དོད་པོས་སྤེལ་བཞིན་ཡོད་པ་རེད།
ཉིང་ཁྲི་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་བྱེད་པ་དང་། ཐའེ་ཀྲའོ་གྲོང་ཚོའི་ཧྲུའུ་ཅི་དང་པོ། གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བཅས་གཅིག་ལྕོགས་ཡིན་པའི་ཧུའུ་ཤིའུ་ཏུང་གིས་ཐའེ་ཀྲའོ་གྲོང་ཚོའི་འཕོ་འགྱུར་དང་ཉེ་འགྲམ་གྱི་དཔེ་མཚོན་དང་ཟུང་འབྲེལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་ཡིག་འབྲུ་24ཡི་ནང་དོན་གཏིང་ཟབ་ལ་གོ་བདེ་བའི་ངང་མང་ཚོགས་ལ་འགྲེལ་བཤད་བརྒྱབ་པ་རེད། “རྒྱལ་གཅེས”སྐོར་ལ་འགྲེལ་བཤད་རྒྱག་སྐབས་རྒྱུན་གཏན་གྱི་འཚོ་བའི་ཁྲོད་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་ལག་ལེན་བསྟར་བའི་གལ་ཆེའི་རང་བཞིན་ནན་བཤད་བྱས་ནས་གྲོང་མི་ཚོས་དམིགས་བསལ་གྱི་ཉིན་མོ་དེའི་ནང་རྒྱལ་གཅེས་དེ་ཉིད་རྒྱུན་གཏན་གྱི་གཏམ་སྤྱོད་ཁྲོད་ནས་མཚོན་པར་བྱེད་དགོས་ཞེས་བརྗོད།
“གསར་བརྗེའི་གཏམ་རྒྱུད་བགྲངས་ནས་དགོངས་དོན་བརྒྱུད་བསྒྲགས་བྱེད། ཡུལ་སྲོལ་ཡ་རབས་ལྡན་ན་གྲོང་ཚོའི་རྣམ་པ་མཛེས”གྲོང་གསེབ་ཀྱི་གཏམ་རྒྱུད་འདུ་ཚོགས་ཁྲོད་གྲོང་ཚོའི་རྒན་རྒོན་ཚོས་ཐའེ་ཀྲའོ་ཡི་གསར་བརྗེའི་གཏམ་རྒྱུད་དང་ཉེ་འགྲམ་གྱི་ཡུལ་སྲོལ་ཡ་རབས་ཀྱི་གཏམ་རྒྱུད་བརྗོད། གཏམ་རྒྱུད་དེ་དག་ལས་ཚང་མས་ཐའེ་ཀྲའོ་གྲོང་ཚོའི་མི་རིགས་མཐུན་སྒྲིལ་སྐོར་གྱི་ལོ་རྒྱུས་ཀྱི་གཏམ་རྒྱུད་བློ་ལ་ངེས་ཐུབ་པ་མ་ཟད། ཚང་མས་གྲོང་གསེབ་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ནས་གྲོང་གསེབ་དར་རྒྱས་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་བར་སྐུལ་མ་ཡང་ཐེབས་ཡོད།
མཇུག་ཏུ་ཐའེ་ཀྲའོ་ཡི་མངོན་མིན་རིག་གནས་ཤུལ་བཞག་སྟེ《འབའ་གཞས་ཞབས་བྲོ》ཞེས་པའི་འགོ་ཚུགས་འཁྲབ་སྟོན་གྱིས་རིག་རྩལ་འཁྲབ་སྟོན་བྱེད་སྒོའི་ཚ་རླབས་རབ་ཏུ་འཕྱུར་ཡོད། གྲོང་མི་ཚོས་རང་རྩོམ་རང་འཁྲབ་བྱས་པའི་གླུ་གར་དང་འཁྲབ་ཚན་ཐུང་ངུ་སོགས་ལྟད་མོ་ཧ་ཅང་མང་པོ་ཡོད་པ་དེ་ཐོག་ནས་ཐའེ་ཀྲའོ་གྲོང་ཚོའི་རྣམ་པ་གསར་པ་དང་གྲོང་མི་ཚོས་མེས་རྒྱལ་ལ་བཅངས་པའི་བརྩེ་བ་ཟབ་མོ་གསོན་ཉམས་དོད་པོས་མངོན་གྱི་ཡོད་པ་རེད།
རྒྱལ་སྟོན་གུང་གསེང་རིང་བོད་ཀྱི་མི་དམངས་ཀྱིས་རང་ཉིད་ཀྱི་བྱ་ཐབས་སྣ་ཚོགས་ཐོག་ནས་མེས་རྒྱལ་ལ་དགའ་ཞེན་དང་སྨོན་འདུན་ཞུ་ལུགས་མཚོན་པར་བྱེད་ཀྱི་ཡོད།