རྫ་ཡུལ་རྫོང་གིས་ཏང་གི་སློབ་ཚན་གྱི་ནང་དོན་མི་སེམས་སུ་ཟུག་པར་བྱས་པ།
ཉེ་ལམ་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་གིས“ཏང་གི་སློབ་ཚན་འགོ་ཚུགས་སོང”ཞེས་པའི་བྱེད་སྒོ་ཏང་ཡོན་ལ་སློབ་གསོ་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩིས་ནས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་སློབ་ཚན་གྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ། ཏང་གི་སློབ་ཚན་གྱི་རྣམ་པ་གསར་གཏོད་བཅས་ལ་མུ་མཐུད་འབད་བརྩོན་བྱས་ཏེ། ཏང་གི་སློབ་ཚན་གྱི་ཡིད་དབང་འཕྲོག་ཤུགས་དང་། བློ་སེམས་འགུག་ནུས། ཤུགས་རྐྱེན་ཐེབས་ནུས་བཅས་སྔར་བས་ཆེ་རུ་བཏང་ནས། ཏང་གི་སློབ་ཚན་གྱི་ནང་དོན་མི་སེམས་སུ་ཟུག་པར་སྐུལ་འདེད་བཏང་བ་རེད།
རྫ་ཡུལ་རྫོང་གིས་རྫོང་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་ཤོད་པ་དང་། ཏང་ཨུད་ཀྱི་ཧྲུའུ་ཅིས་ཕྱོགས་ཡོངས་ནས་ཤོད་པ། ཀྲི་པུའུ་ཧྲུའུ་ཅིས་སྐོར་སྐྱོད་ཤོད་པ། ཧྲུའུ་ཅི་དང་པོས་རྗེས་སྙེག་ཤོད་པ། ཏང་ཡོན་ལས་བྱེད་པས་གཅིག་རྗེས་གཉིས་མཐུད་ངང་ཤོད་པ་བཅས་ཀྱི་བྱ་ཐབས་ཐོག་ནས་གོང་གིས་འོག་གི་སྣེ་ཁྲིད་དེ་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་སློབ་ཚན་གྱི་བྱེད་སྒོ་སྤེལ་བར་སྐུལ་ཁྲིད་བྱས་ཡོད། “སྐར་དམར་འཆད་འགྲེལ་རུ་ཁག”དང“དམངས་ཁྲོད་འཆད་འགྲེལ་ཚོགས་པ”བཙུགས་པ་མ་ཟད། ད་དུང་གསར་བརྗེའི་འཆད་འགྲེལ་པ་20དང་གཞི་རིམ་གྱི་འཆད་འགྲེལ་པ་191གསོ་སྐྱོང་བྱས་ཤིང་། ད་ཡོད་ཀྱི་གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ལག་ལེན་རྒྱུ་ཆར་བྱས་ཏེ་གསོན་ཉམས་དོད་ལ་བབ་ཆགས་པ་དང་། གོ་བདེ་ཤེས་སླའི་སྐད་ཆའི་ཐོག་ནས་ཞིང་ནང་དང་མུ་ཁ་དང་ཐོན་སྐྱེད་ཀྱི་འཐབ་ཕྱོགས་དང་པོར“རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ”ཤོད་པར་བསྐྱོད་པ་རེད།
རྫ་ཡུལ་རྫོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སོགས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི“སློབ་ཚན་དང་པོ”དང“ངེས་སྦྱོང་སློབ་ཚན”ལ་བརྩིས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པའི་མཐའ་སྟོབས་དམངས་ཕྱུག་གི་དཔེ་སྟོན་རྫོང་ཕྱོགས་ཡོངས་ནས་སྐྲུན་པར་དམིགས་ཏེ་སློབ་ཚན་རྩེ་གྲ་གཏོད་པ་དང་། ཏང་ཡོན་འཕེལ་རྒྱས་དང་། ལས་བྱེད་པ་གནས་སྤོར་བེད་སྤྱོད། ཏང་གི་སྒྲིག་སྲོལ་ལམ་ལུགས་དང་ཏང་ནང་ཁུལ་གྱི་ཐུགས་ཁུར་སྲིད་ཇུས་སོགས་ཀྱི་ནང་དོན་ལ་གཞིགས་ནས“ཏང་གི་སློབ་ཁྲིད་འགོ་ཚུགས་པའི”རིམ་སྤེལ་བརྙན་ཐུང་ཐེངས་80ལྷག་ཙམ་པར་བླངས་ཤིང་། རྫ་ཡུལ་མཐའ་མཚམས་ཀྱི་ཏང་འཛུགས་སྐྱོང་གི་གསར་བརྗེའི་བར་ཁྱམས་དང་། དམག་དཔུང་དང་ས་གནས་མཉམ་སྐྲུན། གསར་བརྗེའི་ལོ་རྒྱུས། དམག་བཀུར་དཔེ་བཟང་བྱས་རྗེས་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ཏེ་འབྲེལ་ཡོད་ཏང་གི་སློབ་ཚན་གྱི་བརྙན་ཐུང་10ལྷག་ཙམ་པར་བླངས་ནས་དེ་བས་སྤྱོད་གོ་ཆོད་པ་དང་རྣམ་པ་གསར་པའི་ཐོག་ནས་ཏང་ཡོན་ལ་ཏང་གི་སློབ་ཚན་ཁྲིད་པ་རེད།