མི་རིགས་ཁྱད་ཆོས་མངོན་པར་གསལ། རིག་གནས་ཐོན་རྫས་བྲིན་ཁ་རྒྱུག
འདི་ནི་བོད་ལྗོངས་རིག་གནས་གསར་གཏོད་ཐོན་རྫས་སྒོ་རྩིས་ཚོང་ཁང་གི་ཟུར་ཞིག་ཡིན་པ།
ཉེ་བའི་ལོ་ཤས་རིང་། རིག་གནས་གསར་གཏོད་ཐོན་རྫས་ནི་གཞོན་ནུ་ཚོའི་དགའ་པོ་བྱ་ཡུལ་གསར་པ་ཞིག་ཏུ་གྱུར་ཡོད། འཛད་སྤྱོད་པ་སོ་སོའི་ཁྱད་ཆོས་ལྡན་པའི་དགོས་མཁོ་ཉིན་བཞིན་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཐུན་མོང་མ་ཡིན་པའི་རིག་གནས་གསར་གཏོད་ཐོན་རྫས་ཤིག་འདེམས་རྒྱུ་དེ་ཡུལ་སྐོར་རིང་གི་གདམ་ག་ཞིག་ཏུ་གྱུར་ཡོད། ལྷ་ས་གྲོང་ཁྱེར་ལྷ་ཞབས་གླིང་ཕྲན་དུ་གནས་པའི་གནས་ཚང་ཐང་ཆེན་གྱི་ས་འོག་ཏུ་བོད་རང་ནས་བཟོས་པའི་རིག་གནས་གསར་གཏོད་ཐོན་རྫས་ཀྱི་ཚོང་ཁང་ཆེན་པོ་ཞིག་ཡོད་པ་དེ་ནི་བོད་ལྗོངས་རིག་གནས་གསར་གཏོད་ཐོན་རྫས་ཀྱི་སྒོ་རྩིས་ཚོང་ཁང་རེད། རྒྱ་ཁྱོན་སྨི་ངོས་གྲུ་1300ཡོད་པའི་ཚོང་ཁང་དེར་བོད་ཀྱི་སྤུས་རྟགས་རྩེ་གྲ་བཅུ་ཕྲག་ཁ་ཤས་དང་བོད་རང་ནས་བཟོས་པའི་ཐོན་རྫས་བརྒྱ་ལྷག་ཙམ་འདུས་ཡོད།
བོད་ལྗོངས་རིག་གནས་གསར་གཏོད་ཐོན་རྫས་སྒོ་རྩིས་ཚོང་ཁང་དུ་སྲོལ་རྒྱུན་དང་དེང་རབས་དང་། རིག་གནས་དང་བསམ་བཀོད། སྒྱུ་རྩལ་དང་ཉེར་མཁོ་བཅས་ཕུན་སུམ་ཚོགས་པོས་མཉམ་དུ་འདྲེས་ཡོད། ཇུས་འགོད་པས་བོད་ཀྱི་གཏིང་ཟབ་པའི་རིག་གནས་ཁྲོད་ནས་ཉིང་བཅུད་བླངས་ཏེ་སྲོལ་རྒྱུན་གྱི་རི་མོ་དང་། ཚོས་གཞི། མཚོན་རྟགས་བཅས་དེང་རབས་ཀྱི་ཇུས་འགོད་དང་མཉམ་བསྲེས་བྱས་ནས་བོད་ཀྱི་ཁྱད་ཆོས་ལྡན་ལ་དེང་རབས་ཀྱི་མཛེས་དཔྱོད་ལྟ་བ་དང་ཡང་མཐུན་པའི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་མང་དག་གཅིག་གསར་གཏོད་བྱས་ཡོད།
ཟོག་སྒྲོམ་འགྲམ་ནས་དལ་པོར་འགྲོ་དུས། ཐུན་མོང་མ་ཡིན་པའི་རིག་གནས་གསར་གཏོད་ཐོན་རྫས་དེ་དག་གིས་ཡིད་དབང་ཅིག་ཅར་དུ་འཕྲོག དཀར་ཆ་དོད་པའི་འགྲེམས་ཁུལ་ཞིག་ཏུ་གསར་འགོད་པས་སྤུས་ཀ་དག་ལ་ལྟ་ན་སྡུག་པའི་བོད་བཟོའི་ཨ་ལད་པད་ཀོག་མང་པོ་ཞིག་མཐོང་བྱུང་། ཨ་ལད་པད་ཀོག་དེ་དག་མངོན་སུམ་གསོན་པོ་ལྟར་དུ་སྣང་བ་དང་ངོ་གདོང་གི་རྣམ་འགྱུར་འདྲ་ཆགས་ལ་གྱོན་ཆས་དང་རྒྱན་ཆ་ཚང་མ་ཇུས་འགོད་ཞིབ་ཚགས་བྱས་ཡོད་པ་དང་། ལྷག་དོན་དུ་གྱོན་ཆས་སྟེང་གི་འཇའ་རིས་ཚང་མ་ལག་བཙེམས་བརྒྱབ་པ་ཤ་སྟག་ཡིན་པ་དེ་ལས། བོད་མི་དམངས་ཀྱི་བྱང་ཆུབ་པའི་ལག་རྩལ་དང་སྲོལ་རྒྱུན་རིག་གནས་ལ་བཅངས་པའི་དད་ཞེན་མཚོན་གྱི་ཡོད། བོད་ཤོག་འགྲེམས་སྟེགས་ཀྱི་མདུན་དུ། བོད་ཤོག་ཚང་མར་མེ་ཏོག་དང་རྩི་ཤིང་སྣ་ཚོགས་ཀྱི་རགས་དབྱིབས་དཔར་ཡོད་པར་དམིགས་བསལ་གྱི་ཁྱད་ཆོས་ལྡན་ཞིང་། མི་རྣམས་ཀྱིས་རྒྱུན་དུ་མཐོང་བའི་བོད་ཤོག་གི་ཟིན་བྲིས་དེབ་ཕུད། ད་དུང་བོད་ཤོག་གིས་བཟོས་པའི་ཡིག་སྐོགས་དང་དཔེ་འཛར་གྱིས་ཀྱང་མི་རྣམས་ལ་དཔེ་གསར་གྱི་སྣང་བ་ཞིག་ངང་གིས་སྟེར། ཐོན་རྫས་ཚང་མར་བོད་ཀྱི་རིག་གནས་ཀྱི་གཞི་རྒྱུ་དང་ལག་ཤེས་སྒྱུ་རྩལ་འདུས་ཡོད་པས། བོད་ཀྱི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་མངོན་གྱི་ཡོད།
ཕུན་སུམ་ཚོགས་པའི་རིག་གནས་གསར་གཏོད་ཀྱི་ཐོན་ཁུངས་དང་སྣ་མང་ཅན་གྱི་ཐོན་རྫས་ཇུས་འགོད་སོགས་བྱེད་པ་ཕུད། ད་དུང་བོད་ལྗོངས་རིག་གནས་གསར་གཏོད་ཐོན་རྫས་སྒོ་རྩིས་ཚོང་ཁང་གིས་རིག་གནས་གསར་གཏོད་ཐོན་རྫས་ཀྱི་རིན་གོང་དེ་བས་ཁེ་བ་དང་མང་ཚོགས་ལ་ཕན་པ་འདོགས་པར་གཞོལ་བཞིན་ཡོད། བོད་ལྗོངས་རིག་གནས་གསར་གཏོད་ཐོན་རྫས་སྒོ་རྩིས་ཚོང་ཁང་གི་འགན་འཁུར་བ་ཙེང་ཅིང་གིས། “ང་ཚོའི་ཐོན་རྫས་ཀྱི་སྣ་ཁ་ཧ་ཅང་མང་བ་དང་རིན་གོང་མཐོ་དམའ་མི་འདྲ་བ་མང་པོ་ཡོད། སྒོར་3ལས་སྤྲོད་མི་དགོས་པའི་ཅ་དངོས་ཆུང་ཙག་ནས་སྒོར་ཁྲི་ཁ་ཤས་རི་བའི་བོད་རུམ་རྩེ་གྲ་དང་ཐང་ག་སོགས་སྒྱུ་རྩལ་ཐོན་རྫས་གང་དགོས་ཅི་འཛོམས་ཡོད། རིན་གོང་གཏན་འཁེལ་བྱེད་པའི་ཐད། ང་ཚོས་ཐོག་མཐའ་བར་གསུམ་དུ་དྲང་གཞག་དང་ཁ་གསལ་གཏིང་གསལ་གྱི་རྩ་དོན་ལ་བརྩི་སྲུང་བྱས་ནས། ཐོན་རྫས་ཚང་མ་ཁྲོམ་རའི་ཐོན་རྫས་སྣ་ཁ་གཅིག་པའི་ཁྲོད་རིན་གོང་བལྟོས་བཅས་ཀྱིས་དམའ་བ་ཡོད་པའི་འགན་ལེན་བྱེད་ཀྱི་ཡོད། སྤུས་རྟགས་འདེམས་སྐབས་ང་ཚོས་བོད་རང་ནས་བཟོས་པའི་ཐོན་རྫས་འདེམས་རྒྱུ་མཐའ་འཁྱོངས་བྱེད་པ་ལས་འགྱུར་བ་ཅི་ཡང་མེད་པ་དང་རིག་གནས་ཀྱི་ནང་དོན་མེད་པའི་ཚོང་ཟོག་དཀྱུས་མ་འདེམས་ཀྱི་མེད། དེ་དང་ཆབས་ཅིག་འགག་སྒོ་ནན་པོ་བསྲུངས་ནས་ཐོན་རྫས་ཚང་མ་ཁྲོམ་རའི་ཕྱིར་ཚོང་གི་ཚད་གཞི་དང་མཐུན་པའི་འགན་ལེན་བྱེད་ཀྱི་ཡོད”ཅེས་བཤད།
“འཛད་སྤྱོད་པའི་ངོས་ནས་བརྗོད་ན། འདི་ག་ནི་ཉོ་སྒྲུབ་བྱ་ཡུལ་ཞིག་ཡིན་པ་མ་ཟད། རིག་གནས་སྤེལ་རེས་ཀྱི་ལས་སྟེགས་ཤིག་དེ་བས་ཀྱང་རེད། སྨི་ངོས་གྲུ་1300ཟིན་པའི་ཡངས་ཤིང་རྒྱ་ཆེ་བའི་ཚོང་ཁང་དུ་བོད་ཀྱི་སྤུས་རྟགས་རྩེ་གྲ་བཅུ་ལྷག་ཙམ་དང་བོད་རང་ནས་བཟོས་པའི་ཐོན་རྫས་བརྒྱ་གྲངས་ཁ་ཤས་ཡོད་ལ། ལེགས་འདེམས་ཧྲག་འདེམས་བྱས་པའི་ཐོན་རྫས་ཆིག་སྟོང་ལྷག་ཙམ་ཡོད་པ་དེ་དག་ལས་འཛད་སྤྱོད་པའི་སྟབས་བདེའི་ཉོ་སྒྲུབ་ཀྱི་དགོས་མཁོ་སྐོང་གི་ཡོད། ད་དུང་འདི་ག་ནས་ཚོང་ཟོག་བདེན་རྫུན་དང་རིན་གོང་གི་གནད་དོན་ལ་ཡང་སེམས་ཁྲལ་མི་དགོས་ལ། གཅིག་འཐུས་རྣམ་པའི་ཉོ་སྒྲུབ་ཀྱི་ཇུས་འགོད་འདུ་ཤེས་ལས་འཛད་སྤྱོད་པས་བློ་བདེ་པོས་དགའ་བའི་ཚོང་ཟོག་ཉོ་ཆོག་པ་དང་ཆབས་ཅིག བཙོངས་རྗེས་ཀྱི་ཞབས་ཞུ་ཡང་རྩེ་གྲ་ཡོད”ཅེས་ཙེང་ཅིང་གིས་བཤད།
སྲོལ་རྒྱུན་གྱི་རིག་གནས་གསར་གཏོད་ཐོན་རྫས་ཁྲོམ་རའི་ཐོག་རྟག་ཏུ་ཚོང་ཟོག་ཁ་ཐོར་དང་སྤུས་ཚད་ལེགས་ཞན་མི་འདྲ་བའི་གནད་དོན་ཡོད་པས་འཛད་སྤྱོད་པས་རང་ཉིད་ཀྱི་དགོས་མཁོ་དང་འཚམ་པའི་རིག་གནས་གསར་གཏོད་ཐོན་རྫས་ཉོ་ཁག་པོ་ཡོད། འོན་ཀྱང་བོད་ལྗོངས་རིག་གནས་གསར་གཏོད་ཐོན་རྫས་སྒོ་རྩིས་ཚོང་ཁང་གིས་དམིགས་བསལ་གྱི་ཚོང་གཉེར་རྣམ་པ་དང་གསར་གཏོད་ཀྱི་འདུ་ཤེས་ལ་བརྟེན་ནས་ཁྲོམ་རའི་དཀའ་གནད་དེ་དག་ཐག་གཅོད་བྱས་ཡོད། བོད་ལྗོངས་རིག་གནས་གསར་གཏོད་ཐོན་རྫས་སྒོ་རྩིས་ཚོང་ཁང་གིས་རིག་གནས་གསར་གཏོད་ཐོན་རྫས“བསྡུ་རུབ་ཆེན་པོ་དང་། མཛོད་འཇུག་ཆེན་པོ། འཁོར་རྒྱུག་ཆེན་པོ”བཅས་གཉེར་སྐྱོང་གི་ཁྱད་ཆོས་སུ་བྱས་ནས་སྤུས་ལེགས་ཀྱི་རིག་གནས་གསར་གཏོད་ཐོན་རྫས་མང་པོ་གཅིག་ཏུ་བསྡུས་པ་མ་ཟད། ད་དུང་སྤུས་ཚད་ཚོད་འཛིན་གྱི་ལམ་སྲོལ་ནན་པོར་བརྟེན་ནས་ཚོང་ཟོག་ཚང་མའི་སྤུས་ཚད་འགན་ལེན་བྱེད་ཀྱི་ཡོད་པས། གཅིག་སྡུད་ཐོག་འགྲེམས་སྟོན་དང་སྤུས་ཚད་འགན་ལེན་གྱི་བྱེད་ཐབས་དེ་དག་ལས་འཛད་སྤྱོད་པའི་ཉོ་འདོད་ཀྱི་བསམ་པ་ཆེ་རུ་ཕྱིན་ཡོད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་རིག་གནས་གསར་གཏོད་ཐོན་རྫས་སྒོ་རྩིས་ཚོང་ཁང་གི་འགྲེམས་ཁང་རེ་རེ་ནི་སྤུས་རྟགས་འགྲེམས་ཁང་ཡིན་པ་དང་ཁྲོམ་བཀྱག་རེ་རེས་སྤུས་རྟགས་རེ་མཚོན་གྱི་ཡོད། ལྷ་ས་འཇའ་ཚོན་ཆུ་མིག་ཕན་བདེ་མི་རིགས་ལག་ཤེས་བཟོ་ལས་ཚད་ཡོད་ཀུང་སིའི་ཐོན་རྫས་ལ་ཆ་མཚོན་ན། ཁོང་ཚོའི་རིག་གནས་གསར་གཏོད་ཐོན་རྫས་དང་ལག་ཤེས་བཟོ་རྩལ་ཐོན་རྫས་མང་ཆེ་བ་དབང་པོ་སྐྱོན་ཅན་གྱིས་བཟོས་པ་ཤ་སྟག་ཡིན་པ་དང་དེའི་ནང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་བོད་ཤོག་དང་ཟོན་པ་ལྷམ་ཚུད་ཡོད། དེར་བརྟེན་ཁོང་ཚོའི་ཐོན་རྫས་ལ་སྤྱི་ཚོགས་ཀྱི་སྤྱི་ཕན་རང་བཞིན་ཆེན་པོ་ལྡན་པའི་ཁར། ད་དུང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཡང་བྱས་ཡོད། “ད་ཆ་བཟོ་རྩལ་དེ་རིགས་ཀྱི་ལས་ཀ་བྱེད་མཁན་ཧ་ཅང་ཉུང་དུ་ཕྱིན་ཡོད། བོད་ཤོག་གི་བཟོས་རྫས་དེ་དག་ཚང་མར་སྲོལ་རྒྱུན་གྱི་རྣམ་པ་སོར་འཇོག་བྱས་ཡོད། མ་བཅོས་རྒྱུ་ཆ་འཚོལ་བསྡུ་བྱེད་པ་ནས་འཁྲུ་བ་དང་། སྐེམ་པ། ཤོག་གཏུབ། ཚོས་རྒྱག་པ་བཅས་བར་དང་། དེ་ནས་ཤོག་ལྷེ་སྦྱར་བ་དང་འཚེམ་བཟོ་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་ལག་བཟོས་ཤ་སྟག་རེད། ལས་ཆོད་དམིགས་སུ་བཟུང་བའི་དུས་རབས་སུ་ལག་ཤེས་ལ་བརྟེན་ནས་སྲོལ་རྒྱུན་གྱི་བཟོ་རྩལ་ཐོན་རྫས་བཟོ་མཁན་ཧ་ཅང་ཉུང་ཉུང་རེད། ཡིན་ནའང་མི་མང་པོས་སྲོལ་རྒྱུན་གྱི་བཟོ་རྩལ་ལ་བརྟེན་ནས་བཟོས་པའི་ཐོན་རྫས་དེ་རིགས་ཉོ་འདོད་ཆེན་པོ་བྱེད་ཀྱི་ཡོད། ‘འཇའ་ཚོན་ཆུ་མིག’ཀུང་སིར་ཟླ་རེར་ང་ཚོའི་སྒོ་རྩིས་ཚོང་ཁང་ནས་ཡོང་འབབ་སྒོར་ཁྲི་ཡན་རག་གི་ཡོད། ད་དུང་སྒོ་རྩིས་ཚོང་ཁང་གི་ཐོན་རྫས་མང་པོ་ཞིག་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་པའི་རྨང་གཞིའི་ཐོག་ཐུམ་སྒྲིལ་གསར་པ་བརྗེས་ཡོད། སྤོས་ལ་ཆ་མཚོན་ན། སྤོས་སྤུས་རྟགས་ཤིག་གིས་མི་རྣམས་ཀྱིས་རྒྱུས་མངའ་ཆེ་བའི་ཀོག་ཧྥེ་སྲན་མའི་ཁུག་མའི་ཐུམ་སྒྲིལ་བྱེད་སྟངས་ལ་ལད་མོ་བྱས་ཏེ་དེའི་ནང་དྲི་ཞིམ་སྤོས་ཕྱེ་བླུགས་ཡོད། ཐུམ་སྒྲིལ་ཇུས་འགོད་ཐད་སྲོལ་རྒྱུན་གྱི་བོད་ལུགས་གཞི་རྒྱུ་སོར་འཇོག་བྱས་པ་མ་ཟད། གསར་གཏོད་ཀྱང་བྱས་ཡོད”ཅེས་ཙེང་ཅིང་གིས་བཤད།
ཙེང་ཅིང་གིས། གོམ་སྟབས་རྗེས་མར་བོད་ལྗོངས་རིག་གནས་གསར་གཏོད་ཐོན་རྫས་སྒོ་རྩིས་ཚོང་ཁང་གིས་རིག་གནས་ཐོན་རྫས་ལེགས་སུ་གཏོང་བ་དང་། རིག་གནས་ཁྲོམ་ར་འཁྲུག་ཏུ་གཏོང་བ། རིག་གནས་སྤུས་རྟགས་སྟོབས་ཆེར་གཏོང་བ་བཅས་ཀྱི་ལས་ལ་གཞོལ་གྱི་ཡིན་ལ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཡག་པོ་དང་བོད་ཀྱི་རིག་གནས་ཕྱིར་གཏོང་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་སྒྱུ་རྩལ་རྒྱལ་ཡོངས་དང་ཐ་ན་འཛམ་གླིང་གི་ས་ཕྱོགས་གང་སར་བརྒྱུད་བསྒྲགས་བྱས་ནས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད།