གཞུང་ལམ་ལ་བརྟེན་ནས་བདེ་སྐྱིད་འཚོ་བར་རོལ་བཞིན་པའི་ཀོ་ཁྱིམ་གྲོང་ཚོ།
བོད་ལྗོངས་ཉིན་རེའི་ཚགས་པར་དང་མཚོ་སྔོན་ཉིན་རེའི་ཚགས་པར་གྱི་མཚོ་བོད་ལམ་ཐིག་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་གིས།
འདི་ནི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ལུང་རིང་ཤང་ཀོ་ཁྱིམ་གྲོང་ཚོའི་འབྲོག་ར་ཡིན་པ།
འདམ་གཞུང་རྫོང་གྲོང་ནས་ཐོན་ཏེ་ང་ཚོ་མཚོ་བོད་ལམ་རྒྱུད་མཉམ་འབྲེལ་འཕྲིན་སྤེལ་ཚོགས་ཆུང་ཡངས་ཤིང་ཁོད་སྙོམས་པའི་མཚོ་བོད་གཞུང་ལམ་བརྒྱུད་ཨ་ར་འདམ་རའི་འགྲམ་གྱི་ལུང་རིང་ཤང་ཀོ་ཁྱིམ་གྲོང་ཚོར་འབྱོར།
ཀོ་ཁྱིམ་གྲོང་ཚོ་འདམ་གཞུང་རྫོང་གི་ཤར་རྒྱུད་དུ་གནས་ཤིང་འདམ་གཞུང་རྫོང་གྲོང་དང་བར་ཐག་སྤྱི་ལེ་30དང་མཚོ་བོད་གཞུང་ལམ་དང་བར་ཐག་སྤྱི་ལེ་5ཙམ་ལས་མེད། སྟབས་བདེ་བའི་འགྲིམ་འགྲུལ་དྲ་རྒྱ་དང་། དྭངས་ཤིང་གཙང་བའི་རང་བྱུང་འབྲོག་ར། སྐད་གྲགས་ཆེ་བའི་འདམ་གཞུང་འབྲི་གཡག་བཅས་ལ་བརྟེན་ནས་འདི་གའི་འབྲོག་པ་རྣམས་བདེ་སྐྱིད་འཚོ་བར་རོལ་བཞིན་ཡོད།
གཞུང་ལམ་གཅིག་ལས་འགྱུར་ལྡོག་ཆེན་པོ་བྱུང་བ།
ཀོ་ཁྱིམ་གྲོང་ཚོར་ཨར་འདམ་ལམ་ཕྱོགས་བཞི་མཚམས་བརྒྱད་དུ་བཏིངས་ཡོད་པ་མ་ཟད། ད་དུང་ཐོག་སོ་ཉིས་ལྡན་གྱི་ཁང་པ་མང་པོ་གྲལ་སྟར་འགྲིག་པོ་ཡོད་ལ་དེ་དག་གི་མཛེས་བཟོར་ཡང་དམིགས་བསལ་གྱི་ཁྱད་ཆོས་ལྡན། ཉིན་དེ་འདམ་གཞུང་རྫོང་གི་ལོ་གཅིག་དུས་གཅིག་གི་རྟ་རྒྱུག་དུས་ཆེན་དང་ཏག་ཏག་འཁེལ་བས་འབྲོག་པ་མང་ཚོགས་རྟ་རྒྱུག་ཐང་དུ་འཛོམས་ནས་གྲོང་ཚོའི་ནང་མི་ཧ་ལམ་མཐོང་རྒྱུ་མེད།
ང་ཚོས་རྟ་རྒྱུག་ཐང་གི་སྦྲ་གུར་ཞིག་ནང་ཀོ་ཁྱིམ་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཟླ་བཟང་མཐོང་སྐབས། ཁོང་གིས་རྡོ་འགྱོགས་འགྲན་བསྡུར་ལ་བལྟས་ཚར་མ་ཐག་རེད། ཟླ་བཟང་གིས་གསར་འགོད་པར། ཀོ་ཁྱིམ་གྲོང་ཚོར་འབྲོག་དུད་272དང་། རྩྭ་ར་མུའུ་ཁྲི་13 འབྲི་གཡག་མགོ་གྲངས་8675བཅས་ཡོད། ང་ཚོའི་གྲོང་ཚོ་ནི་ལུང་རིང་ཤང་གི་རྩྭ་རའི་རྒྱ་ཁྱོན་ཆུང་ཤོས་ཡིན་ཡང་འབྲི་གཡག་གསོ་ཚགས་བྱེད་མང་ཤོས་ཀྱི་གྲོང་ཚོ་ཡིན་ཞེས་བཤད་བྱུང་།
འདི་ལོ་ལོ་58ལ་སླེབས་པའི་ཟླ་བཟང་གྲོང་ཚོའི་ལས་བྱེད་པ་བྱས་ནས་ལོ་30ལྷག་ཙམ་ཕྱིན་ཡོད། ཙུའུ་ཀྲང་ནས“ཨུ་ལྷན་གཉིས”ཀྱི་ཨུ་ཡོན་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བར་དང་། དེ་ནས་ད་ཆའི་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅིའི་བར་བཅས་ཟླ་བཟང་གིས་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ཀོ་ཁྱིམ་གྲོང་ཚོའི་འགྱུར་ལྡོག་གི་དཔང་པོ་བྱས་ཡོད།
ཟླ་བཟང་གིས“ད་ཆ་གྲོང་ཚོ་སྔར་བས་འཕེལ་རྒྱས་ཕྱིན་ནས་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་སྔར་བས་མཐོ་རུ་ཕྱིན་ཡོད། འགྱུར་ལྡོག་འདི་དག་ཚང་མ་གཞུང་ལམ་ཞིག་དང་ཁ་འབྲལ་ཐབས་མེད། དེ་ནི་མཚོ་བོད་གཞུང་ལམ་ཡིན”ཞེས་བཤད།
ཟླ་བཟང་ལོ་ན་ཆུང་དུས་མཚོ་བོད་གཞུང་ལམ་ནི་ས་རྡོའི་ལམ་ཞིག་རེད། ལོ་ལྟར་དགུན་ཁ་མ་ཤར་གོང་། ཟླ་བཟང་ཨ་ཕ་དང་མཉམ་དུ་ལྷ་སར་སྐྱོད་ཀྱི་ཡོད། རྟར་བཞོན་ནས་འབྲི་མར་དང་། བལ། ཚགས་ཤ་སོགས་བཀལ་བའི་གཡག་དེད་དེ་ལྷ་སར་འབྱོར་རྗེས་ནས་དང་ཇ་བག་ཆུང་སོགས་ལ་བརྗེ་གི་ཡོད། ཕར་འགྲོ་ཚུར་འོང་བྱེད་པར་ཉིན་10ཙམ་འགོར་གྱི་ཡོད་པ་རེད།
སྐབས་དེ་དུས་ཀྱི་ལྷ་ས་ནི་ཟླ་བཟང་ལ་མཚོན་ན་ཐག་ཧ་ཅང་རིང་པོ་ཞིག་ཡིན་ཡང་། ད་ཆ་ཟླ་བཟང་ལ་མཚོན་ན་ལྷ་ས་ཐག་ཧ་ཅང་ཉེ་པོ་རེད།
ཟླ་བཟང་གིས་གསར་འགོད་པར། གྲོང་ཚོའི་ལས་བྱེད་པ་བྱས་ནས་ལོ་30རིང་། ཚང་མའི་ཕྱིར་སྐྱོད་ཀྱི་འགྲིམ་འགྲུལ་ཡོ་བྱད་ལེགས་སུ་ཕྱིན་ཡོད། རྐང་འཁོར་དང་། སྦག་སྦག འདྲུད་འཐེན་འཁོར་ལོ་བཅས་ནས་ད་ཆའི་འཇིབ་ཆུང་བར་འགྲིམ་འགྲུལ་ཡོ་བྱད་ཇེ་ལེགས་ནས་ཇེ་ལེགས་སུ་ཕྱིན་ཁར། ཅིང་བོད་མྱུར་བགྲོད་གཞུང་ལམ་དང་། མཚོ་བོད་གཞུང་ལམ། མཚོ་བོད་ལྕགས་ལམ་བཅས་གཅིག་རྗེས་གཉིས་མཐུད་ངང་ཤར་གཏོང་ཐུབ་ནས་ལམ་སེང་སླེབས་ཀྱི་འདུག་ཅེས་བཤད།
ཟླ་བཟང་གིས་འཛུམ་དམུལ་དམུལ་ངང“ད་ཆ་ལྷ་སར་ག་དུས་ཡིན་རུང་འགྲོ་ཆོག་ཆོག་དང་། འགྲིམ་འགྲུལ་ཡོ་བྱད་གང་འདོད་ཡོད་པ། ཉིན་གཅིག་ནང་ཕར་འགྲོ་ཚུར་འོང་ཐེངས་ཁ་ཤས་ཀྱང་བྱེད་ཐུབ” སྟབས་བདེ་བའི་འགྲིམ་འགྲུལ་སྒྲིག་ཆས་ལ་བརྟེན་ནས་ཀོ་ཁྱིམ་གྲོང་ཚོའི་མི་མང་པོ་ཞིག་གིས་ཟོག་འདྲེན་གྱི་ལས་ཀ་བྱེད་ཀྱི་ཡོད། “ལོ་ཁ་ཤས་གོང་། གྲོང་མི་བསྟན་འཛིན་རྡོ་རྗེས་སྒོར་ཁྲི་20གཡར་ནས་ཟོག་འདྲེན་རླངས་འཁོར་ཞིག་ཉོས་ཏེ་མཚོ་བོད་གཞུང་ལམ་ཐོག་སྐྱེལ་འདྲེན་བྱས། ལོ་གཉིས་ཀྱང་མ་འགོར་བར་དངུལ་བུན་ཚང་མ་གཙང་འཇལ་ཐུབ་ཡོད། ད་ཆ་ཁོང་གིས་ལོ་རེར་སྒོར་ཁྲི་བཅུ་ལྷག་ཙམ་གསོག་ཐུབ་ཀྱི་ཡོད། ཁོང་གི་ཁྱིམ་དུ་ད་དུང་འབྲི་གཡག་མགོ་གྲངས་60ལྷག་ཙམ་ཡོད”ཅེས་བཤད། གནས་ཚུལ་དེའི་སྐོར་གླེང་སྐབས་ཟླ་བཟང་གིས་ཡིད་སྨོན་ཆེན་པོས་གལ་ཏེ་ང་རང་ལོ་ཆུང་ཆུང་ཡིན་ན་ངས་ཀྱང་རླངས་འཁོར་ཞིག་ཉོས་ནས་ཟོག་འདྲེན་ལས་ཀ་བྱེད་འདོད་འདུག་ཅེས་བཤད།
ཐོན་ལས་གཅིག་ལས་གྲོང་ཚོ་ཕྱུག་པོ་ཆགས་པ།
གཞུང་ལམ་ཤར་གཏོང་ཐུབ་པ་ལས་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་མང་པོ་བྱུང་བ་མ་ཟད། ད་དུང་འབྲོག་པའི་སྲོལ་རྒྱུན་གྱི་བསམ་བློ་ལྟ་བ་དང་ལྷག་པར་དུ་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་ལ་ཡང་འགྱུར་ལྡོག་བྱུང་ཡོད། འདམ་གཞུང་རྫོང་ནི་ལྷ་ས་གྲོང་ཁྱེར་གྱི་འབྲོག་ལས་རྐྱང་པའི་རྫོང་གཅིག་པུ་དེ་རེད་ལ། རང་སྐྱོང་ལྗོངས་ཀྱི་འབྲོག་ལས་རྫོང་ཆེ་གྲས་ཤིག་ཀྱང་རེད། འདམ་གཞུང་གི་འབྲི་གཡག་སྐད་གྲགས་ཆེན་པོ་ཡོད། དེར་བརྟེན་ས་གནས་དེ་གའི་འབྲོག་པར་འབབ་འཕར་ཡོང་བ་དང་ལྷ་ས་གྲོང་ཁྱེར་གྱི་འབྲོག་ལས་ཐོན་རྫས་ཁྲོམ་རའི་མཁོ་སྤྲོད་བརྟན་པོ་ཡོང་བར་ནུས་པ་གལ་ཆེན་འདོན་གྱི་ཡོད།
འབྲོག་ཁུལ་དུ་འཚར་ལོངས་བྱུང་བའི་ཟླ་བཟང་གིས་ལམ་བུ་ཞིག་ལས་གནོད་མེད་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་འཕེལ་རྒྱས་བྱུང་བའི་གོ་སྐབས་མྱོང་ཚོར་ཟབ་མོ་ཐུབ་ཡོད།
ཟླ་བཟང་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་བྱས་རྗེས། སྟབས་བདེའི་འགྲིམ་འགྲུལ་ཆ་རྐྱེན་ལ་བརྟེན་ནས་གྲོང་ཚོའི་ཚགས་ཤ་ལྷ་ས་གྲོང་ཁྱེར་དང་ཐ་ན་རྒྱལ་ཡོངས་སུ་ཕྱིར་ཚོང་བྱེད་ཐུབ་པའི་བསམ་བློ་ཞིག་འཁོར།
2008ལོར་གྲོང་ཚོར་དུས་ཐུང་རྒྱགས་གསོའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་འབྲོག་པའི་འབྲི་གཡག་མ་རྐང་ནང་བཅུག་ནས་ཚན་རིག་དང་མཐུན་པའི་དོ་དམ་དང་། གཅིག་གྱུར་གསོ་ཚགས། དུས་ཚིགས་དབྱེ་ནས་བཤས་གཏོང་བ་བཅས་བྱས་པས། སྲོལ་རྒྱུན་འབྲོག་ལས་ལ་གསོན་ཤུགས་གསར་པ་འཕེལ་ཡོད། ཟླ་བཟང་གིས་དེ་ལྟར་བྱས་པས་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་མང་དུ་ཕྱིན་པ་དང་རྩྭ་ར་སྲུང་སྐྱོང་ཡག་པོ་ཐུབ་པ་མ་ཟད། ད་དུང་འབྲོག་དུད་ཀྱི་ཡོང་འབབ་མང་དུ་ཕྱིན་ནས་འདམ་གཞུང་འབྲི་གཡག་གི་སྤུས་རྟགས་གཏོད་ཐུབ་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
2018ལོར་འདམ་གཞུང་རྫོང་གིས་ཀོ་ཁྱིམ་གྲོང་ཚོའི་དུས་ཐུང་རྒྱགས་གསོའི་ཆེད་ལས་མཉམ་ལས་ཁང་གི་རྨང་གཞིའི་ཐོག་འདམ་གཞུང་རྫོང་གི་རྒྱལ་གཉེར་ཁེ་ལས་ཏེ། འདམ་གཞུང་རྫོང་ས་གཙང་ཀོ་ཁྱིམ་འབྲོག་ར་བཙུགས་ནས་ཀོ་ཁྱིམ་གྲོང་ཚོའི་གནོད་མེད་སྐྱེ་ལྡན་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཀྱི་རིམ་སྤོར་རྣམ་པ་བཏོད་པས་ཕྱུགས་རིགས་བཤས་གཏོང་དུས་འཁོར་དེ་བས་ཐུང་བ་དང་ཁྱབ་ཁྱོན་དེ་བས་ཆེ་བར་གྱུར་ནས་འབྲོག་དུད་དེ་བས་མང་བར་ཕན་པ་ཐོབ་ཡོད།
ཕྱོགས་གཅིག་གི་མི་སེར་འབྱོར་ཕྱུག་གི་འཚོ་བར་རོལ་རྒྱུ་བྱུང་བ།
འདམ་གཞུང་རྫོང་ས་གཙང་ཀོ་ཁྱིམ་འབྲོག་ར་ནི་ཀོ་ཁྱིམ་གྲོང་ཚོར་གནས་ཤིང་། ཉིན་དེ་འདམ་གཞུང་རྫོང་གི་རྟ་རྒྱུག་དུས་ཆེན་ཡིན་པས་འབྲོག་པ་ཚང་མ་རྟ་རྒྱུག་ཐང་དུ་ལྟད་མོ་ལྟ་བར་སླེབས་མོད། འོན་ཀྱང་ཚེ་རིང་བསམ་གྲུབ་ཀྱིས་སྔར་བཞིན་ལས་གནས་བརྟན་སྲུང་བྱས་ཏེ་ལྷས་རར་གཙང་སྦྲ་བྱེད་པ་དང་། གཟན་རྩྭ་གྲ་སྒྲིག ཕྱུགས་རིགས་ལ་ཆུ་སྟེར་བ་སོགས་ཀྱི་ལས་ཀ་ཚང་མ་ཁྲལ་སེལ་སླ་བཅོས་སྤུ་ཙམ་ཡང་མེད་པར་བྱས།
འདི་ལོར་ལོ་39ལ་སླེབས་པའི་ཚེ་རིང་བསམ་གྲུབ་ཀོ་ཁྱིམ་གྲོང་ཚོའི་ཚོགས་ཆུང་དང་པོ་ནས་ཡིན་པ་དང་ནང་མི་4ཡོད། 2018ལོར་འདམ་གཞུང་རྫོང་ས་གཙང་ཀོ་ཁྱིམ་འབྲོག་ར་བཙུགས་རྗེས་ཁོང་གིས་འབྲོག་རའི་འབྲི་གཡག་གསོ་ཚགས་ཀྱི་འགན་འཁུར། ཁོང་གིས་འགན་ཁུར་བའི་ལྷས་རར་འབྲི་གཡག་50ཡོད་པ་དང་འབྲོག་རར་ལྷས་ར་དེ་རིགས་4ཡོད།
ཚེ་རིང་བསམ་གྲུབ་ཀྱིས་འབྲོག་རར་འབྲི་གཡག་གསོ་ཚགས་བྱེད་པ་དང་ཆབས་ཅིག་རང་ཁྱིམ་གྱི་འབྲི་གཡག་20མ་རྐང་ནང་བཞག་པས་ལོ་ལྟར་ཁེ་སྤོགས་ངེས་ཅན་ཞིག་རག་གི་ཡོད། གཞན་ཡང་ཁོང་གིས་ད་དུང་ཁྱིམ་དུ་འབྲི་གཡག་5ཉར་ནས་རྒྱུན་གཏན་འཚོ་བར་སྤྱོད་ཀྱི་ཡོད།
ཚེ་རིང་བསམ་གྲུབ་ཀྱིས་རང་ཉིད་ཀྱི་ལས་ཀར་བློ་ཡིད་ཚིམ་པོ་བྱེད་ཅིང་། ཁོང་གིས“རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཀ་བྱེད་རྒྱུ་བྱུང་བས་ཡོང་འབབ་གསོག་པ་དང་ཁྱིམ་ཚང་ལ་ལྟ་རྟོག་བྱེད་པ་གཉིས་ཀ་འཕྱུགས་ཀྱི་མི་འདུག ན་ནིང་མ་རྐང་ནང་བཞག་པའི་འབྲི་གཡག་ལ་ཁེ་སྤོགས་སྒོར་5000བགོ་རྒྱུ་བྱུང་བ་མ་ཟད་ད་དུང་ཟླ་རེར་གླ་ཆ་སྒོར་3500ཡོད། བཟའ་ཟླས་ནང་ལས་བྱེད་ཞོར་དུ་ཕྲུ་གུ་གཉིས་སློབ་གྲྭར་གཏོང་གི་ཡོད། ངའི་ངོས་ནས་བརྗོད་ན་ལས་ཀ་དེ་ལས་འཚམ་པ་ཞིག་མི་འདུག”ཅེས་བཤད།
2018ལོར་ཚེ་རིང་བསམ་གྲུབ་ཀྱིས་རང་ཁྱིམ་དུ་ཉར་བའི་འབྲི་གཡག་5ནས་ད་ཆ་40བར་མང་དུ་ཕྱིན་ཞིང་། དེའི་ནང་ནས་ཁ་ཤས་ནི་རང་བཞིན་གྱིས་སྐྱེ་འཕེལ་བྱུང་བ་ཡིན་པ་དང་ཁ་ཤས་ནི་བགོ་འགྲེམས་རག་རྗེས་ཉོས་པ་རེད། འདི་ལོར་ཚེ་རིང་བསམ་གྲུབ་ཀྱིས་འབྲི་གཡག་ཁག་གཅིག་མ་རྐང་ནང་བཞག་ནས་འབྲི་གཡག་ལས་བྱུང་བའི་ཁེ་སྤོགས་སྔར་བས་མང་དུ་གཏོང་རྩིས་ཡོད་ཅིང་། དེ་ལྟ་བུའི་བསམ་ཚུལ་ནི་ཚེ་རིང་བསམ་གྲུབ་ཁོ་ནར་ཡོད་པ་ཞིག་མིན་པར་འབྲོག་དུད་ཕལ་ཆེ་བའི་བསམ་འདུན་རེད།
ཀོ་ཁྱིམ་གྲོང་ཚོར་འདམ་གཞུང་ས་གཙང་ཀོ་ཁྱིམ་འབྲོག་རར་མ་རྐང་ནང་འཇོག་མཁན་འབྲོག་དུད་256ཡོད་ཅིང་། ཁོང་ཚོས་འབྲི་གཡག་འབྲོག་རར་བསྐྱལ་རྗེས་ལག་གསོས་དང་ཕྱེད་ལག་གསོས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་པ་དང་། གཟན་རྩྭ་དང་གཟན་ཆག་སྤུས་ལེགས་ཟུང་དུ་འབྲེལ་བའི་གསོ་ཚགས་བྱ་ཐབས་ལ་བརྟེན་ཏེ་འབྲི་གཡག་ལ་གཟན་རྩྭ་བཟའ་རྒྱུ་ཡོད་པ་ནས་གཟན་རྩྭ་ཡག་པོ་བཟའ་རྒྱུ་ཡོད་པར་བྱས་པས་གསོ་ཚགས་ཀྱི་དུས་འཁོར་ཐུང་དུ་ཕྱིན་ནས་མ་དངུལ་ཚུར་བསྡུ་ཐུབ་པ་མ་ཟད། རྩྭ་ཕྱུགས་དོ་སྙོམས་དང་འབྲོག་པར་འབབ་འཕར་དེ་བས་ཀྱང་བྱུང་ཡོད།
བདེ་སྡོད་ལས་གྲྭར་བརྟེན་པ་ལས་འབྲོག་པ་རྣམས་ཐོག་སོ་གཉིས་ལྡན་གྱི་ཁང་པར་སྤོས་ནས་འགྲོ་འདུག་གཏན་འཇགས་མེད་པའི་སྐྱས་སྤོས་འཚོ་བ་མཇུག་འགྲིལ་བ་དང་། ལམ་བུ་དེར་བརྟེན་པ་ལས་འདམ་གཞུང་གི་ཚགས་ཤ་པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་སོགས་རིམ་པ་དང་པོའི་གྲོང་ཁྱེར་གྱི་གྲོང་མིའི་གསོལ་ལྕོག་ཏུ་བཤམས་ནས། དུས་རབས་གསར་པ་དང་། འཚོ་བ་གསར་པ། འབྲོག་པ་གསར་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་དལ་གྱིས་མི་རྣམས་ཀྱི་མིག་ལམ་དུ་བཀྲམ་པ་རེད།