“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་ཤེས་ལྡན་པ་ཡན་ལེ་ཨེས།
གནའ་གྲོང་ལྷ་སར་བརྩེ་བ་ཟབ་མོ་བཅངས།
བོད་ལ་རོགས་སྐྱོར་བྱེད་མྱོང་མཁན་མང་པོས“བོད་སྐྱོར་ཐེངས་གཅིག ཚེ་གང་གི་ལས་འབྲེལ”ཞེས་རྟག་ཏུ་ཤོད་ཀྱི་ཡོད་ལ། ཀྲུང་རི་མཛའ་གྲོགས་སྨན་ཁང་གི་དེ་སྔའི་ནུབ་ཁུལ་སྨན་གཡོག་དཔོན་ཡན་ལི་ཨེ་དང་བོད་ཀྱི་ལས་འབྲེལ་དེ་བས་ཟབ།
2016ལོ་ནས་བཟུང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཐད་གཏོགས་སྨན་ཁང་ཀྲུང་རི་མཛའ་གྲོགས་སྨན་ཁང་གིས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་འགན་ཁུར་ཏེ་རིན་མི་དགོས་པར་རྒྱང་བསྟེན་ནད་དཔྱད་དང་། པེ་ཅིང་དུ་ཤེས་ལྡན་པ་གསོ་སྐྱོང་། བོད་དུ་རོགས་སྐྱོར་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་དོན་སྤེལ་བ་རེད། བོད་སྐྱོད་རོགས་སྐྱོར་ཚོགས་ཆུང་གི་མིང་ཐོའི་ཁྲོད་ཐོན་མང་ཤོས་ཀྱི་མིང་ནི“ཡན་ལི་ཨེ”ཡིན་ཏེ། 2018ལོ་ནས་ད་བར་དུ་ཁོང་བོད་ལ་ཐེངས་གསུམ་ཕེབས་པ་རེད། བོད་སྐྱོར་སྨན་པ་ཡིན་ནའང་འདྲ། བར་སྐོར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་པ་ཡིན་ནའང་འདྲ། སྨན་གཡོག་དཔོན་ཡན་ལི་ཨེ་ལ་སྨན་དོན་པ་དང་མང་ཚོགས་ཚང་མས་གུས་བཀུར་དང་དགའ་ཞེན་ཚད་མེད་བྱེད་ཀྱི་ཡོད་ལ། ཁོང་གི་གཟུགས་བརྙན་ས་གནས་དེ་གའི་མི་དམངས་ཀྱི་སེམས་སུ་ཟབ་མོར་ཟུག་ནས“བོད་རྒྱ་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”དཔེ་མཚོན་ཞིག་ཏུ་གྱུར།
ལོ་60ལ་སླེབས་པའི་ཡན་ལི་ཨེ་ནི་སྨན་གཡོག་ལས་ལ་གཞོལ་ནས་ལོ་40ཙམ་སོང་བའི་སྨན་གཡོག་བསླབ་པ་རྒན་གྲས་ཤིག་རེད། 2012ལོར་ཡན་ལི་ཨེ་བོད་དུ་ཐེངས་དང་པོར་ཕེབས་ཤིང་། ཁོང་དང་བོད་ཀྱི་ལས་འབྲེལ་ཡང་དེ་ནས་འགོ་ཚུགས། 2018ལོར་ཡན་ལི་ཨེ“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་སྨན་བཅོས་རུ་ཁག་ནང་ཞུགས་ནས་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་དང་ཉམས་མྱོང་སྤྱད་དེ་བོད་ལྗོངས་ས་མཐོར་ཞབས་འདེཌ་ཞུ་རྒྱུའི་སེམས་ཐག་བཅད། 2018ལོའི་དགུན་དུས་སུ་ཡན་ལི་ཨེ་བོད་དུ་ཡོང་ནས་ཚོགས་པའི་སྣེ་ཁྲིད་དེ་བར་སྐོར་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་སུ་དམིགས་སའི་རང་བཞིན་གྱི་སྨན་བཅོས་ལག་རྩལ་གྱི་གསོ་སྦྱོང་བྱས་པ་མ་ཟད། ནད་པའི་ཁྱིམ་དུ་བསྐྱོད་དེ་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་ཀྱང་བྱས། རོགས་སྐྱོར་ལས་དོན་སྤེལ་བའི་བརྒྱུད་རིམ་ནང་ས་གནས་དེ་གའི་སྨན་དོན་པ་དང་མང་ཚོགས་ཚོས་ཁོང་ཚོའི་ལས་དོན་ལ་བསམ་ཤེས་མེད་པ་དང་དོགས་པ་བྱེད་པ་ནས་རིམ་གྱིས་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་པའི་བར་འགྱུར་ལྡོག་བྱུང་ལ། དུས་ཐེངས་དང་པོའི་བོད་སྐྱོར་ལས་དོན་མཇུག་འགྲིལ་རྗེས་ཡན་ལི་ཨེ་དང་བར་སྐོར་ཁྲོམ་གཞུང་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་ཀྱི་ལས་དོན་པའི་དབར་ཟོལ་མེད་ཀྱི་མཛའ་གཅུགས་ཟབ་མོ་ཆགས་ནས། ཞལ་གྱེས་དགའ་སྐྱེལ་འདུ་ཚོགས་ཐོག་ཏུ་མི་མང་པོ་ཁོང་དང་འབྲལ་མ་ཕོད་པར་མིག་ཆུ་ཡང་ཡང་ཤོར།
2019ལོའི་དཔྱིད་ཀར་ཡན་ལི་ཨེ་སླར་ཡང་བོད་དུ་ཡོང་ཞིང་། ཁོང་གིས་གཟའ་འཁོར་རེར་བར་སྐོར་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་སྨན་གཡོག་ཚོར་སྨན་བཅོས་ནད་སྐྱོང་གི་རིགས་པའི་གཞུང་ལུགས་ཤེས་བྱ་གསོ་སྦྱོང་བྱས་པ་མ་ཟད། ཚོགས་པའི་སྣེ་ཁྲིད་དེ་བར་སྐོར་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གཉིས་པའི་སྨན་དོན་པར་རྨང་གཞིའི་ཚེ་སྲོག་རྒྱབ་སྐྱོར་དང་མཐོ་རིམ་ཚེ་སྲོག་རྒྱབ་སྐྱོར་གྱི་གསོ་སྦྱོང་དང་བཀོལ་སྤྱོད་ནང་སྦྱོང་ཐེངས་མང་ཡང་བྱས། བར་སྐོར་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་གཞི་རིམ་ནུས་པ་ཆེ་རུ་གཏོང་ཆེད་ཁོང་གིས་རྟག་ཏུ་ལས་དུས་འཕར་མ་བྱེད་ཀྱི་ཡོད། ཀྲུང་རི་མཛའ་གྲོགས་སྨན་ཁང་འཇུ་བྱེད་ཚན་ཁག་གི་འབུམ་རམས་པ་ཀའོ་ཁྲུན་གྱི་རོགས་སྐྱོར་འོག་ཡན་ལི་ཨེ་ཡིས་བར་སྐོར་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་སྣེ་ཁྲིད་དེ་ནད་ཐོག་སྨན་བཅོས་ཀྱི་ཉམས་མྱོང་ལ་རྒྱུན་ཆད་མེད་པར་ཕྱོགས་སྡོམ་བྱས་པ་དང་འབྲེལ་རིག་གཞུང་དཔྱད་རྩོམ་ཡང་སྤེལ་ཞིང་། དེའི་ཁྲོད་ཀྱི《ཕྱོགས་བསྡུས“ཀ་པ་རིམ་པ་གསུམ་པའི”གཞུང་བཙུགས་སྨན་ཁང་ཆེན་པོས་སྡེ་ཁུལ་དུ་བོད་སྐྱོར་སྨན་བཅོས་ཀྱི་རྒྱུན་མཐུད་སློབ་གསོ་སྤེལ་སྟངས་འཚོལ་ཞིབ》ཅེས་པའི་དཔྱད་རྩོམ་གྱིས་བོད་སྐྱོར་སློབ་ཁྲིད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱས་ཡོད་པ་རེད།
བར་སྐོར་ཁྲོམ་གཞུང་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཁའེ་ཡིས་ཡན་ལི་ཨེ་དང་མཉམ་དུ་ལས་ཀ་བྱེད་པའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་ཚོར་སྣང་ཟབ་མོས་ཁེངས་ཤིང་། ཁོ་པས་ཡན་ལི་ཨེ་ཐོག་མར་མཐོང་སྐབས་ཀྱི་རྣམ་པ་གསལ་པོར་དྲན་གྱི་ཡོད་ལ། ཁོང་གི་འབད་བརྩོན་དང་། ཧུར་བརྩོན། འདྲིས་བདེ་བ་བཅས་ལས་ཚོགས་པར་ཤུགས་རྐྱེན་ཟབ་མོ་ཐེབས་ཚུལ་དེ་བས་གསལ་པོར་དྲན་གྱི་ཡོད། ཝང་ཁའེ་ཡིས་ཡན་ལི་ཨེ་ལ་སྙིང་ཉེ་པོས“ཨ་མ་ཡན་ལཌ”ཞེས་འབོད་པ་དང་། “སྨན་གཡོག་དཔོན་ཡན་ལགས་ཀྱིས་ང་ཚོ་གཞི་རིམ་ལས་དོན་པར་ལག་རྩལ་དམར་ཁྲིད་བྱེད་ཅིང་། སློབ་གསོ་སློབ་ཁྲིད་ནས་དོ་དམ་བྱེད་པའི་བར་གྱི་ལས་ཀ་ཚང་མ་ཧ་ཅང་ཞིབ་ཚགས་བྱེད་ཀྱི་ཡོད། ཁོང་གིས་བོད་སྐྱོར་བྱེད་རིང་གནང་བའི་ལས་ཀ་ཚང་མར་ལྷད་མེད་ཀྱི་བརྩེ་བ་བཅངས་ཡོད་པས་དངོས་གནས་སྐད་ཆ་ཚིག་གཅིག་གཉིས་ཀྱིས་བརྗོད་ཐབས་བྲལ”ཞེས་ཝང་ཁའེ་ཡིས་བཤད།