རླབས་ཆེན་བརྗིད་ཆགས་ཀྱི་མདུན་སྐྱོད། འོད་ཟེར་སྟོང་ལྡན་གྱི་མདུན་ལམ།
—— ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།
དེ་རིང་ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བའི་ཉིན་མོ་བསུས་ཡོད། བརྗིད་ཉམས་ལྡན་པའི་ལོ་རྒྱུས་འཕེལ་རིམ་བརྒྱུད་དེ་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་ཕྱོགས་སུ་བསྐྱོད་ནས། ཕུགས་འདུན་རླབས་པོ་ཆེ་མངོན་འགྱུར་གྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུར་མི་དམངས་དུང་ཕྱུར་མང་པོས་འབད་འཐབ་ལྷོད་མེད་བྱེད་བཞིན་ཡོད།
1949ལོའི་ཟླ་10ཚེས་1ཉིན་སྐར་ལྔའི་དར་དམར་དང་པོ་དེ་གནམ་བདེ་སྒོ་མོའི་ཐང་ཆེན་དུ་བསྒྲེངས་བ་དང་བསྟུན་ནས་ཀྲུང་གོའི་མི་དམངས་དུས་དེ་ནས་བཟུང་ཡར་ལངས་པ་དང་ཀྲུང་གོ་འཕེལ་རྒྱས་འགྲོ་བའི་དུས་རབས་གསར་པའི་འགོ་བརྩམས་ཡོད། བགྲོད་ལམ་ཐོག་དཀའ་ངལ་མཐའ་དག་ཁྱད་བསད་དང་རྒྱལ་ཁའི་གླུ་དབྱངས་ལེན་བཞིན་མདུན་སྐྱོད་བྱས་ཤིང་། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་མིའི་རིགས་དེང་རབས་ཅན་དུ་སྐྱོད་པའི་བགྲོད་ལམ་གསར་པ་བཏོད་པ་དང་། མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་བཏོད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་གྱི་རྒྱང་ལམ་གསར་པར་བསྐྱོད་ཡོད།
བགྲང་བྱ་དོན་ལྔའི་རིང་འབད་བརྩོན་ལྷོད་མེད་བྱས་ཏེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཐད་སྔར་བྱུང་མྱོང་མེད་པའི་འོད་ཟེར་སྟོང་ལྡན་གྱི་མདུན་ལམ་ཞིག་མངོན་ཡོད། དཀའ་སྤྱད་ལས་སྒྲུབ་ཁྲོད་འབད་འབུངས་དང་། སྒྱུར་བཅོས་སྒོ་དབྱེའི་ཁྲོད་འབད་འཐབ། དུས་རབས་གསར་པའི་རླབས་རྒྱུན་ཆེན་པོའི་ཁྲོད་མདུན་སྐྱོད་བཅས་བྱས་ཏེ་ང་ཚོས“ངོ་མཚར་ཆེན་པོ་གཉིས”བཏོད་པ་སྟེ། ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེན་དུ་གྱུར་བའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བསུས་པ་དང་། དུས་རབས་ཀྱི་རྗེས་སུ་ལུས་པ་དང་རྗེས་སུ་སྙེགས་པ་ནས་དུས་རབས་ལ་སྣེ་ཁྲིད་བྱེད་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བསུས་ཡོད། དཔལ་འབྱོར་སྤྱི་འབོར་སྒོར་དུང་ཕྱུར་ཁྲི་126ལས་བརྒལ་ནས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པར་བརྟན་པོར་གནས་པ་དང་། འབྲུ་རིགས་ཐོན་སྐྱེད“ལོ་ཉི་ཤུ་བསྟུད་མར་ལོ་ལེགས”བྱུང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་ཆགས་པ། “ཟླ་བའི་ལྷ་མོས”ཟླ་བར་བརྟག་དཔྱད་དང་། “མཁའ་མཐུན”བར་སྣང་དུ་སྡོད་པ། “མཁའ་འདྲིས”སྐར་མ་མིག་དམར་ལ་བརྟག་འཇལ་སོགས། རང་རྒྱལ་གྱི་འཕེལ་རྒྱས་ལ་དེ་བས་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་དང་། དེ་བས་འཐུས་སྒོ་ཚང་བའི་ལམ་ལུགས་ཀྱི་འགན་ལེན། དེ་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་བཅས་ལྡན་ཡོད།
བགྲང་བྱ་དོན་ལྔའི་རིང་དཀའ་སྤྱད་འབད་འཐབ་བྱས་ཏེ་མི་དམངས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་རྒྱུན་ཆད་མེད་པར་དངོས་ཡོད་དུ་གྱུར་བར་བྱས་ཡོད། ལྟོ་གོས་འཕྱིད་ཙམ་ནས་སྤྱིའི་ཆ་ནས་འབྱོར་འབྲིང་དུ་གྱུར་པའི་བར་དང་དེ་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་བསྐྲུན་པའི་བར་ང་ཚོས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་གི་གནད་དོན་ཐག་གཅོད་བྱས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་ཕུགས་འདུན་ཡིན་པའི་འབྱོར་འབྲིང་མངོན་འགྱུར་བྱུང་བ། འཛམ་གླིང་ཐོག་གི་གཞི་ཁྱོན་ཆེ་ཤོས་ཡིན་པའི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་བཅས་བཏོད་པ། མི་དམངས་ཀྱི་འཚོ་བ་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་མཆོང་སྐྱོད་དང་ཕྱོགས་ཡོངས་ནས་ལེགས་སྒྱུར་བྱུང་ཡོད། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་78.6བར་རིང་དུ་ཕྱིན་པ་དང་། གྲོང་མིའི་ཡོང་འབབ་བརྟན་པོའི་ངང་འཕར་བ། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ་སོགས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་ཕྱིན་པ་དང་། སྔར་བས་འགན་ལེན་དང་སྔར་བས་རྒྱུན་མཐུད་ཐུབ་པ་བཅས་བྱུང་ཡོད།
བགྲང་བྱ་དོན་ལྔའི་རིང་འབད་འབུངས་མདུན་སྐྱོད་བྱས་ཏེ་ཀྲུང་གོ་འདི་ཉིད་ཐོག་མཐའ་བར་གསུམ་དུ་འཛམ་གླིང་ཞི་བདེ་འཛུགས་སྐྱོང་མཁན་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཁན་བཅས་རེད། “ཞི་བདེ་མཉམ་གནས་ཀྱི་རྩ་དོན་ཁག་ལྔའི་ལོ་རྒྱུས་ཀྱི་དྲིས་ལན”ནས“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་དུས་རབས་ཀྱི་དྲིས་ལན”བར་ཀྲུང་གོ་གུང་ཁྲན་ཏང་གིས་མིའི་རིགས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་དེ་རང་ཉིད་ཀྱི་ལས་འགན་ལ་བརྩི་རྒྱུ་མཐའ་འཁྱོངས་བྱས་ཡོད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱེད་པ་དེ་འཐབ་ཇུས་ཀྱི་སྣེ་ཁྲིད་ལ་བརྩི་བ་དང་སྤུས་ཚད་མཐོན་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་དེ་ལག་ལེན་གྱི་སྟེགས་བུར་བརྩི་བ་སོགས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུ་དེ་དུས་རབས་མདུན་སྐྱོད་ལ་སྣེ་ཁྲིད་ཀྱི་འོད་སྟོང་འཕྲོ་བའི་དར་ཆ་ཞིག་ཏུ་གྱུར་ཡོད།
ལོ་75རིང་རང་རྒྱལ་གྱི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་རླབས་པོ་ཆེ་ཐོབ་པ་དེ་ནི་ཏང་དང་མི་དམངས་ཀྱིས་མཉམ་དུ་དཀའ་སྤྱད་དང་། ལས་བརྩོན། འབད་འཐབ་བཅས་བྱས་ནས་བྱུང་བ་ཞིག་རེད། དེང་གི་ཀྲུང་གོ་ནི་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་ལངས་བཞིན་གང་སར་ཉིན་རེ་བཞིན་གསར་གཏོད་ཀྱི་རྣམ་པས་ཁེངས་ཡོད། དེང་གི་ཀྲུང་གོའི་མི་དམངས་སྔར་བས་རང་རྟོན་རང་ཚུགས་དང་རང་སྟོབས་དང་། སྔར་ན་མེད་པའི་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་དང་ལོ་རྒྱུས་ཀྱི་གསར་གཏོད་སྙིང་སྟོབས་འཕེལ་བཞིན་ཡོད། དེང་གི་ཀྲུང་ཧྭ་མི་རིགས་ཀྱིས་འཛམ་གླིང་ལ་ཡར་ངོའི་ཟླ་ལྟར་འཕེལ་བའི་རྣམ་པ་མངོན་པ་དང་འགོག་ཐབས་བྲལ་བའི་གོམ་སྟབས་བརྟན་པོའི་ཐོག་ནས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཕྱོགས་སུ་སྐྱོད་བཞིན་ཡོད།
“ང་ཚོ་ཚང་མ་འབད་འཐབ་པ་ཡིན། སྔོན་ཆད་ནས་ད་ཆའི་བར་འབད་འཐབ་བྱས་པ་བརྒྱུད་འོད་སྟོང་འཕྲོ་བའི་གྲུབ་འབྲས་དེ་ལྟ་བུ་ཐོབ་ཡོད། ང་ཚོའི་འབྱུང་འགྱུར་གྱི་དམིགས་ཚད་ནི་ཧ་ཅང་ཁ་གསལ་ཞིང་རླབས་ཆེ་བ་ཞིག་ཡིན། དེ་མངོན་འགྱུར་བྱེད་པར་ང་ཚོས་ད་དུང་མུ་མཐུད་དངོས་སྒྲུབ་འབད་འཐབ་བྱེད་དགོས” ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་རེད་ལ། བྱ་གཞག་རླབས་པོ་ཆེ་ཚང་མ་དངོས་སྒྲུབ་བྱས་པ་ལས་བྱུང་བ་ཞིག་རེད། སྔར་བྱུང་མྱོང་མེད་པའི་གསར་གཏོད་རང་བཞིན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་བར། སྔར་འཕྲད་མྱོང་མེད་པའི་ཞིབ་འཇུག་བྱ་གཞི་གསར་པ་འབོར་ཆེན་དང་། དཀའ་ངལ་དང་ཉེན་ཁ་སྣ་ཚོགས། རྦ་རླབས་དྲག་པོ་དང་ཐ་ན་འཇིགས་སུ་རུང་བའི་ཉམས་སད་ཆེན་པོ་མང་པོ་འཕྲད་ངེས་ཡིན་པས། ངེས་པར་དུ་ལོ་རྒྱུས་ཀྱི་ཁྱད་ཆོས་གསར་པ་མང་པོ་ལྡན་པའི་འཐབ་རྩོད་རླབས་པོ་ཆེ་བྱེད་དགོས། རྒྱང་ལམ་གསར་པར་ང་ཚོས་སྒྱུར་བཅོས་སྒོ་དབྱེའི་མཆོག་ནོར་རྩ་ཆེན་འདི་ཡག་པོ་སྤྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འགྱུར་མེད་ཀྱི་བྱ་སྤྱོད་སྤེལ་མཁན་དང་དངོས་སྒྲུབ་པ་ཡག་པོ་ཞིག་བྱས་ནས། “ཞུམ་མེད”ཀྱི་སྙིང་སྟོབས་དང་། “གསར་གཏོད”ཀྱི་ངར་ཤུགས། “དངོས་སྒྲུབ”ཀྱི་སྤྱོད་ཚུལ་བཅས་ནམ་ཡང་མི་ཉམས་པར་བྱེད་པ་དང་། འགག་སྒྲོལ་དཀའ་སེལ་བྱེད་པའི་ཁྲོད་བྱ་གཞག་སྒྲུབ་པ་དང་བྱེད་ཕོད་པའི་ཁྲོད་ལམ་བུ་བཏོད་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དེ་བས་བརྗིད་ཆགས་མཛེས་སྡུག་ལྡན་པའི་ལེའུ་མཉམ་དུ་རྩོམ་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་30ཉིན་འབྱོར་བའི་གློག་འཕྲིན)