ལྷད་མེད་བརྩེ་སེམས་བཅངས་ནས་དམངས་ཀྱི་བདེ་ཐང་སྲུང་།
—— བོད་སྡོད་དཔུང་སྡེ་ཞིག་གིས་འོས་འགན་སྨན་བཅོས་བྱས་པ།
འདི་ནི་ངག་དབང་འཆི་མེད(གཡས་ཀྱི་དང་པོ)ཀྱིས་རྒན་རྒོན་ལ་སྨན་གཏོང་སྟངས་སློབ་བཞིན་པ།
ཉེ་ཆར་བོད་སྡོད་དཔུང་སྡེ་ཞིག་གིས་སྨན་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་འོས་འགན་སྨན་བཅོས་ཀྱི་ཞབས་ཞུའི་བྱེད་སྒོ་སྤེལ་ནས་བོད་རིགས་མང་ཚོགས་ལ་སྨན་བཅོས་བྱས་པ་དང་སྨན་སྤྲད་དེ་ཁོང་ཚོའི་བདེ་ཐང་ལ་འགན་ལེན་བྱས་པ་རེད།
ཞོགས་པ་སྔ་པོ་ནས་སྨན་དོན་མི་སྣས་སྨན་བཅོས་ཡོ་བྱད་སྣ་ཚོགས་ཁྱེར་ནས་བཅའ་སྡོད་བྱ་ཡུལ་གྱི་རྒན་གསོ་ཁང་དུ་ཡོང་ཞིང་། སྒོ་འཛུལ་མ་ཐག་སྒོ་རའི་ནང་འཁྲུག་ཆ་ཤིན་ཏུ་དོད། བཅིངས་འགྲོལ་དམག་གི་སྨན་བཅོས་རུ་ཁག་འོས་འགན་སྨན་བཅོས་བྱེད་པར་ཡོང་བ་ཤེས་རྗེས་རྒན་རྒོན་རྣམས་སྔ་ས་ནས་དེ་གར་སྒུག་ནས་བསྡད་ཡོད།
ཁྲག་གི་གསོ་རླུང་འདུས་ཚད་ལ་ལྟ་བ་དང་། ཁྲག་ཤེད་ལྟ་བ། ནད་བརྟག་སྨན་བཅོས་སོགས་སྨན་དོན་མི་སྣས་ལོ་ཚད་མི་འདྲ་བ་དང་ནད་རིགས་མི་འདྲ་བའི་ནད་པར་དམིགས་སའི་རང་བཞིན་གྱི་སྨན་བཅོས་གྲོས་འགོ་བཏོན་པ་དང་སྨན་སྤྲད་པ་མ་ཟད། ཁྲག་གི་གསོ་རླུང་འདུས་ཚད་ཅུང་དམའ་བའི་རྒན་རྒོན་ལ་ངང་རྒྱུད་རིང་པོས་དུས་རྒྱུན་གྱི་བཟའ་བཏུང་དང་ངལ་གསོའི་གོམས་གཤིས་སྐོར་འདྲི་བ་དང་འབྲེལ་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཚན་རིག་དང་མཐུན་པའི་ངལ་གསོའི་གྲོས་འགོ་ཡང་བཏོན་པ་རེད། ཕྱི་དྲོའི་ཆུ་ཚོད་20བར་འོས་འགན་སྨན་བཅོས་བྱས་པ་རེད།
འོས་འགན་སྨན་བཅོས་བྱེད་རིང་། དཔུང་སྡེ་དེས་བོད་རིགས་ལས་བྱེད་པ་ངག་དབང་འཆི་མེད་ཆེད་མངགས་གདན་དྲངས་ཤིང་། ཁོང་གིས་རྒན་རྒོན་ཚོས་བཤད་པའི་ནད་གཞིའི་གནས་ཚུལ་སྨན་དོན་མི་སྣར་སྐད་སྒྱུར་བྱས་པས་ནད་བསྟུན་སྨན་བཅོས་གནད་ལ་འཁེལ་ཚད་མཐོ་རུ་ནུས་ལྡན་ཕྱིན་པ་རེད།
“བཅིངས་འགྲོལ་དམག་གིས་ཐུགས་ཁུར་ཟབ་བཞེས་གནང་བ་ལས་ངའི་ནད་གཞི་ཡང་དུ་ཕྱིན་སོང”ན་ནིང་ཟླ་12པར་སྐོར་སྐྱོད་སྨན་བཅོས་བྱེད་སྐབས་སྨན་པ་དཀའ་བཅུ་པ་ཝང་ཡན་ཐའོ་ཡིས་བགྲེས་སོང་ཀརྨ་ཟླ་བར་གཅིན་སྙི་ཟགས་ཁུའི་ནད་ཕོག་པའི་དབང་གིས་རྒྱུན་དུ་གཅིན་པ་མི་འཚོག་པ་ཤེས་རྟོགས་བྱུང་བས། ཁོང་གིས་བགྲེས་སོང་ལ་ཆེད་མངགས་སྨན་བཅོས་ཇུས་གཞི་བཟོས་པ་རེད། ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱེད་རིང་ཝང་ཡན་ཐའོ་ཡིས་སྨན་སྒམ་ཁུར་ནས་ཀརྨ་ཟླ་བའི་ཁྱིམ་དུ་བསྐྱོད་དེ་ཁོང་ལ་བསྐྱར་དུ་བརྟག་དཔྱད་བྱས། ལོ་ཕྱེད་རིང་གི་སྨན་བཅོས་ཇུས་གཞིར་ཕན་འབྲས་ཡག་པོ་ཐོན་ནས་ཀརྨ་ཟླ་བའི་ནད་རྟགས་མངོན་གསལ་དོད་པོས་ཡང་དུ་ཕྱིན་པ་མ་ཟད། ད་དུང་གཅིན་ཟགས་ནུས་པའང་རིམ་བཞིན་ཡག་ཏུ་ཕྱིན་ཡོད། ལོ་66ལ་སླེབས་པའི་ཀརྨ་ཟླ་བས་སེམས་འགུལ་ཆེན་པོ་ཐེབས་བཞིན་ཝང་ཡན་ཐའོ་ཡི་ལག་པ་དམ་པོར་བཟུང་ནས་ཁོང་ལ་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་རེད།
“ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱས་པ་བརྒྱུད། ངས་གཞི་རིམ་མི་དམངས་ཀྱི་བདེ་སྡུག་ཚོར་བྱུང་ལ། མི་དམངས་ལ་ཞབས་འདེགས་ཞུ་བའི་ཆོད་སེམས་ཀྱང་དེ་བས་ཆེ་རུ་ཕྱིན་སོང”ཞེས་ཝང་ཡན་ཐའོ་དང་མཉམ་དུ་སྨན་བཅོས་བྱེད་པར་ཡོང་བའི་དམག་མི་པའེ་ཅིན་ཡོན་གྱིས་བློ་རྩ་བརྟན་པོས་བཤད།