ནམ་ཡང་ཉམས་པ་མེད་པའི“མཐའ་སྲུང་མེ་ཏོག”
—— བོད་སྡོད་དཔུང་སྡེ་ཞིག་གི་སྐྱིད་གྲོང་མཐའ་སྲུང་ལེན་ཤོག་གི་གཏམ་རྒྱུད།
འདི་ནི་སྐྱིད་གྲོང་མཐའ་སྲུང་ལེན་ཤོག་གི་དཔོན་དམག་སྐོར་གཡེང་ལ་སྐྱོད་བཞིན་པ།
འདི་ནི་དམག་གྲོགས་ཚོས་སྐོར་གཡེང་བྱེད་ཐེངས་དང་པོ་ཡིན་པའི་ལུའུ་རུའེ་ཅིན་སྐྱོར་བཞིན་པ།
སྐྱིད་གྲོང་མཐའ་སྲུང་ལེན་ཤོག་ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྐྱིད་གྲོང་རོང་དུ་གནས་ཤིང་། མཁའ་དབྱིངས་ནས་ཐུར་ལ་བལྟས་ཚེ་སྐྱིད་གྲོང་ལུང་ཤུར་དེ་མུ་ལ་མུ་འཁྱུད་ཀྱི་རི་བོ་མང་པོས་བསྐོར་ཡོད་པས“ཧི་མ་ལ་ཡའི་མེ་ཏོག་ལྡུམ་ར་རྒྱབ་མ”ཞེས་འབོད་སྲོལ་ཡོད།
ཞུམ་པ་མེད་པའི་སྟག་མ་མེ་ཏོག་གསོ་བར་འབད།
མཐའ་མཚམས་འགག་སྒོར་དེ་སྔ་འགྲོ་ལམ་མེད་ཅིང་། མཐའ་སྲུང་དཔོན་དམག་ཚོའི་གོམ་བགྲོད་ལ་བརྟེན་ནས་དེ་གར་རིམ་བཞིན་ལམ་བུ་ཆགས་ཡོད།
“སྐོར་གཡེང་བྱེད་རིང་ཏང་ཡོན་སྔོན་ལ་སྐྱོད་དགོས”ཞེས་པ་ནི་ལེན་ཤོག་དེའི་སྲོལ་རྒྱུན་བཟང་པོ་ཞིག་རེད། སྐོར་གཡེང་བྱེད་རིམ་བཞིན་ཏང་ཡོན་རྐང་འཛིན་པ་ཡིན་ཅིག་མདུན་དུ་སྐྱོད་པ་དང་འཐབ་འཛིང་པ་གསར་པ་རྗེས་སུ་སྐྱོད་ཀྱི་ཡོད། ཉམས་མྱོང་ཕུན་སུམ་ཚོགས་པའི་རིམ་པ་གཉིས་པའི་ཧྲང་ཧྲི་དམག་མི་ཐན་མིང་ཞུས་ཀྱིས་སྐོར་གཡེང་མ་བྱས་གོང་བདེ་འཇགས་ཐག་པ་ཞིག་གྲ་སྒྲིག་བྱས་ནས་རྒྱབ་ཀྱི་དཔོན་དམག་ཚོའི་སྐེད་པར་དམ་པོར་བཏགས་ཀྱི་ཡོད་ཅིང་། སྐོར་གཡེང་ཡན་ལག་རུ་ཁག་དེ་འབྲུག་ཆེན་ཞིག་ལྟར་དུ་སྣང་།
ཐན་མིང་ཞུས་ཀྱིས་ཐག་རིང་གི་གཡང་གཟར་བྲག་རིར་གནས་པའི་ལམ་དེ་མཐོང་རིམ་བཞིན་འདས་དོན་དག་ཡིད་ལ་ལྷང་ངེར་འཁོར་གྱི་ཡོད།
ལོ་དེར་ཐན་མིང་ཞུས་སྐོར་གཡེང་བྱེད་ཐེངས་དང་པོ་ཡིན་པ་དང་། གཞོགས་གཉིས་ནི་མཐིལ་མི་མངོན་པའི་བྲག་རི་གཡང་གཟར་རེད། གྱེན་ཞིག་འཛེག་སྐབས་གསོ་རླུང་མི་འདང་བའི་དབང་གིས་ཁོང་དོ་སྣང་མ་བྱུང་བར་རྡོ་ཧྲུག་ཐོག་རྐང་པ་ཤོར་བ་དང་། སྟབས་ལེགས་པ་ཞིག་ལ་དཔོན་དམག་གཞན་གྱི་ལུས་ཐོག་ཏུ་བདེ་འཇགས་ཐག་པ་བཏགས་ཡོད་པས་ད་གཟོད་གཞི་ནས་ཉེན་ཁ་ལས་ཐར་ཡོད།
དུས་དེ་ནས་བཟུང་ཁོང་གིས་སྐོར་གཡེང་མ་བྱས་གོང་གྲ་སྒྲིག་ཨང་གསར་བྱེད་པ་དང་པན་ཀྲང་དང་དམག་མི་རྒན་གྲས་ལ་ཡིད་གཟབ་བྱེད་དགོས་རིགས་བཀའ་འདྲི་ཞུ་གི་ཡོད། ད་ལྟ་ཁོང་ལ་ཐོལ་བྱུང་དང་བསམ་ཡུལ་ལས་འདས་པའི་གནས་ཚུལ་འཕྲད་ཀྱང་རང་གིས་དུས་ཐོག་ཏུ་ཐག་གཅོད་བྱེད་ཐུབ་ཀྱི་ཡོད།
སྐོར་གཡེང་ལམ་བུའི་དཀའ་ཚེགས་དང་ཉེན་ཁ་ཆེ་བའི་ཁོར་ཡུག་གིས་དཔོན་དམག་ཚོའི་བརྟན་སྲུང་གི་བསམ་པ་དང་དགའ་ཞེན་འགོག་ཐབས་མེད། མཐའ་སྲུང་སྐོར་གཡེང་ལས་ནི་དཀའ་སྡུག་ཆེ་ན་ཡང་། འདི་ནི་ཁོང་ཚོའི་བླ་ན་མེད་པའི་འགན་འཁྲི་ཞིག་རེད། མཐའ་མཚམས་སྲུང་བ་ནི་རྒྱལ་ཁབ་སྲུང་བ་དང་། རྒྱལ་ཁབ་སྲུང་བ་ནི་ཁྱིམ་ཚང་སྲུང་བ་ཞིག་ཡིན་ཞིང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་དཔོན་དམག་མི་རབས་མང་པོས་ལང་ཚོའི་ཁྲག་དྲོན་ལ་བརྟེན་ནས་མེས་རྒྱལ་གྱི་དགོས་མཁོ་ཆེ་ཤོས་ཀྱི་སར་བརྟན་སྲུང་ལས་ལ་གཞོལ་བཞིན་མཆིས།
“རྒྱུན་འཛིན”གྱི་སྐལ་བཟང་མེ་ཏོག་རབ་ཏུ་བཞད་པ།
ནམ་མ་ལངས་གོང་སྐྱིད་གྲོང་མཐའ་སྲུང་ལེན་ཤོག་སྐོར་གཡེང་ཡན་ལག་རུ་ཁག་གི་དཔོན་དམག་རྣམས་སྔ་ས་ནས་མལ་ལས་ལངས་ཏེ་དམག་ཆས་ཡག་པོ་གྱོན་པ་དང་གོ་མཚོན་ཁྱེར་ནས་སྐོར་གཡེང་གི་ལམ་དུ་ཞུགས་པའི་གྲ་སྒྲིག་བྱེད་པ་དང་། དམག་མི་དཀྱུས་མ་ལུའུ་རུའེ་ཅིན་ཡང་ད་ཐེངས་ཀྱི་སྐོར་གཡེང་ལ་ཞུགས་ཡོད། ལུའུ་རུའེ་ཅིན་གྱི་རྣམ་འགྱུར་སྒམ་བརླིང་ལྡན་པ་ཞིག་ཡོད་པ་དང་། གཞན་དག་གི་མིག་ལམ་དུ་དེ་ནི་འཆར་ཅན་གྱི་སྐོར་གཡེང་ཙམ་དུ་མཐོང་མོད། འོན་ཀྱང་ཁོང་གི་ངོས་ནས་བརྗོད་ན། འདི་ནི་ཁོང་སྐོར་གཡེང་ལམ་དུ་སྐྱོད་ཐེངས་དང་པོ་ཡིན་ལ་དམིགས་བསལ་དོན་སྙིང་ལྡན་པའི་སྐོར་གཡེང་ལམ་བུ་ཞིག་ཀྱང་རེད།
སློབ་ཆེན་ཐོན་རྗེས། ལུའུ་རུའེ་ཅིན་གྱིས་བོད་དུ་དམག་མིར་ཞུགས་རྒྱུའི་གདམ་ག་བྱས་པ་དང་། ཁོང་གིས་བློ་རྩ་བརྟན་པོས་མཐའ་སྲུང་དམག་མི་ཞིག་བྱ་རྒྱུའི་གདམ་ག་བྱེད་དོན་ནི་ཁོང་གི་ཕ་ཡང་དེ་སྔོན་བོད་ཀྱི་མཐའ་སྲུང་དམག་མི་ཞིག་ཡིན་པས་རེད། ད་ལོའི་ལོ་སྟོད་དུ། ལུའུ་རུའེ་ཅིན་གྱི་པ་ཕ་སྟབས་མ་ལེགས་པར་ནད་གཞིས་རྐྱེན་པས་ཚེ་ལས་འདས། པ་ཕས་རང་ཉིད་ཀྱིས་དམག་གོས་གྱོན་ནས་སྐོར་གཡེང་བྱེད་པ་མ་མཐོང་བ་དེ་ཁོང་གི་ཚེ་གང་གི་བློ་ཕམ་ཞིག་ཏུ་གྱུར།
པ་ཕ་སྔོན་ཆད་བསྐྱོད་མྱོང་བའི་སྐོར་གཡེང་ལམ་བུ་དང་ལྟ་སྲུང་བྱེད་མྱོང་བའི་མཐའ་མཚམས་ལམ་ཐིག་མྱོང་ཚོར་ཟབ་མོ་ཡོང་ཆེད། ད་ཐེངས་ཀྱི་སྐོར་གཡེང་བྱེད་སྐབས་ལུའུ་རུའེ་ཅིན་གྱིས་པ་ཕའི་རྒྱལ་སྲུང་དམག་ཞབས་ཐམ་ག་བྲང་མདུན་གྱི་ཁུག་མའི་ནང་བླུགས་ཡོད།
ལ་ཀླུང་ཐེངས་མང་བརྒལ་རྗེས་ལུའུ་རའེ་ཅིན་མཐའ་ཚུགས་སུ་འབྱོར། གངས་རིའི་རྩེ་མོར་ལངས་སྐབས་རླུང་བུ་འུར་འུར་དུ་ལྡང་བ་དང་། སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས། སྐབས་འདི་དུས་ཀྱི་ལུའུ་རུའེ་ཅིན་གྱིས་པ་ཕས་དེ་གར་ལོ་20བརྟན་སྲུང་བྱས་པའི་དོན་སྙིང་གསལ་པོ་རྟོགས་ཤིང་། ས་མཚམས་རྡོ་རིང་མདུན་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བ་དེ་གཟི་བརྗིད་དང་སྤོབས་པ་ཤིན་ཏུ་ཆེན་པོ་ཞིག་རེད།
“ལེགས་སྐྱེས”ཀྱི་དགུན་མཇུག་མེ་ཏོག་རྣམ་པར་བཀྲ།
ན་ནིང་ཟླ་9པར། རིམ་པ་གཉིས་པའི་ཧྲང་ཧྲི་དམག་མི་ཧྥང་ཁྲེང་ཕུང་ལ་བློ་བཟང་ཚུལ་ཁྲིམས་ཀྱི་ཡི་གེ་ཞིག་འབྱོར་ཞིང་། ཁོང་གི་དྲན་པ་ལོ་འགའི་གོང་གི་དཔྱིད་ཀའི་འདས་དོན་ཞིག་ལ་ཕྱོགས།
2015ལོའི་ཟླ་4ཚེས་25ཉིན་གྱི་ཉིན་དགུང་། ཧྥང་ཁྲེང་ཕུང་དང་འཐབ་འཛིང་པ་གཞན་ཞིག་དགོངས་པ་ཞུས་ནས་ཕྱིར་ཁྱིམ་དུ་ལོག་པའི་མེ་འཁོར་སྤ་སེ་ཉོ་བར་བསྐྱོད། ཕྱི་དྲོའི་ཆུ་ཚོད་14དང་སྐར་མ་11ཙམ་ལ་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་ནས་སྐྱིད་གྲོང་གྲོང་རྡལ་གྱི་ཁང་པ་ཁག་གཅིག་བརྡིབས་པ་དང་མང་ཚོགས་ཉེན་ཁའི་གནས་སུ་གྱར། ཁྱིམ་དུ་ལོག་ནས་རང་གི་བུ་སྐྱེས་ནས་ཟླ་བ་གཅིག་ཕྱིན་པའི་རྟེན་འབྲེལ་ལ་འགྲོ་རྩིས་ཡོད་པའི་ཧྥང་ཁྲེང་ཕུང་གིས་རང་འགུལ་ངང་འཁོར་ཞག་འགྲོ་མཚམས་བཞག་སྟེ་རང་ཉིད་ཀྱི་ལས་འགན་དང་འགན་འཁྲི་བསྒྲུབ་རྒྱུའི་གདམ་ག་བྱས་ནས་ལེན་ཤོག་གི་དཔོན་དམག་ཚོ་དང་མཉམ་དུ་ཡོམ་འགོག་གེགས་སེལ་གྱི་ལས་ལ་ཞུགས།
འཚོལ་སྐྱོབ་བྱ་སྤྱོད་ཅིག་སྤེལ་རིང་། ཧྥང་ཁྲེང་ཕུང་གིས་སྐྱིད་གྲོང་རྫོང་ས་ལེ་ཤང་སློབ་ཆུང་དུ་གནོད་འཚེ་ཕོག་པའི་སློབ་མར་རོགས་སྐྱོབ་བྱེད་པར་བསྐྱོད། སྐབས་དེ་དུས་ཀྱི་བློ་བཟང་ཚུལ་ཁྲིམས་སློབ་ཆུང་འགྲིམ་བཞིན་ཡོད་པ་དང་། ཁོ་བོས་སྐབས་དེ་དུས་ཀྱི་གནས་ཚུལ་གསལ་པོ་དྲན་པ་སྟེ། གློ་བུར་དུ་བྱུང་བའི་ཡོམ་འགུལ་དྲག་པོས་ཉེ་འགྲམ་གྱི་མི་ཚང་མ་དངངས་སྐྲག་དང་འཇིགས་སྣང་གི་གནས་སུ་གྱར་བ་དང་ཆབས་ཅིག་ན་ཟུག་དང་། རོགས་མེད། རེ་ཐག་ཆད་པ་སོགས་ཀྱི་སྣང་བ་བྱུང་ཡོད། ཞིག་རོའི་ཁྲོད་གཉིད་ལ་ཇི་ཙམ་ཡུར་བ་གསལ་པོ་མི་རྟོགས་ཤིང་། བློ་བཟང་ཚུལ་ཁྲིམས་ལ་ཕྱི་རོལ་ནས་གྲགས་པའི་འབོད་སྒྲ་དང་། ཤུ་སྒྲ། ཤུགས་རྒྱོབ་ཅེས་པ་སོགས་ཀྱི་སྐད་སྒྲ་གསལ་ལ་མི་གསལ་ཐོས། སྐད་སྒྲ་འདི་མུན་ནག་ཁྲོད་གསལ་བའི་སྐྱ་འོད་ཅིག་དང་མཚུངས་པར་ནུས་ཤུགས་ཡོད་ལ་རེ་བས་ཁེངས་ཡོད།
“བཅིངས་གྲོལ་དམག་མི་སླེབས་སོང་། ང་ཚོ་གསོན་པའི་རེ་བ་ཡོད”ཧྥང་ཁྲེང་ཕུང་གིས་བློ་བཟང་ཚུལ་ཁྲིམས་གྱང་རོའི་ནང་ནས་སྐྱབས་ཏེ་སྨན་ཁང་དུ་བསྐྱལ། སྐབས་དེ་དུས་ཧྥང་ཁྲེང་ཕུང་གི་ནག་གནོག་གི་ངོ་གདོང་དང་དམག་གོས་མཐོང་རྗེས་བློ་བཟང་ཚུལ་ཁྲིམས་ཀྱིས་ཆེན་པོ་ཆགས་རྗེས་ཁོ་པ་ཡང་དམག་མི་ཞིག་བྱེད་པའི་སེམས་ཐག་བཅད།